ཏཱ་ལའི་བླ་མ་ཞི་བདེའི་ཕོ་ཉ་ཞེས་པའི་ཕྱག་དེབ་དབུ་འབྱེད་གནང་བ།

རྩོམ་པ་པོ་ཝི་ཇེ་ཀ་རན་ཏིས་བསྩམས་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་ཏཱ་ལའི་བླ་མ་ཞི་བདེའི་ཕོ་ཉ་ཞེས་པའི་ཕྱག་དེབ་དེ་དབུ་འབྱེད་གནང་བ།

ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་། དཔེ་དེབ་རྩོམ་པ་པོ་ཝི་ལྗའི་ཁེ་རན་ཏིས་རྣམ་གཉིས་ནས་དཔེ་དེབ་དབུ་འབྱེད་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅། །ཟླ་འདིའི་ཚེས་༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་རྩོམ་པ་པོ་ཝི་ཇེ་ཀ་རན་ཏིས་བསྩམས་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་ཏཱ་ལའི་བླ་མ་ཞི་བདེའི་ཕོ་ཉ་ཞེས་པའི་ཕྱག་དེབ་དེ་དབུ་འབྱེད་ཞུས་ཡོད་པ་རེད་འདུག
དེའང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་། དཔེ་དེབ་རྩོམ་པ་པོ་ཝི་ཇེ་ཀ་རན་ཏིས་གཉིས་ཕེབས་ཡོད་ཅིང་། མཛད་རྣམས་དེ་ནི་རི་མོའི་ལམ་ནས་བྱིས་པའི་ཀློག་དེབ་ཀྱི་ངོ་བོའི་ཐོག་བྲིས་པ་ཞིག་ཡིན་པ་མ་ཟད་། ད་དུང་ཕྱག་དེབ་དེའི་ནང་༧གོང་ས་མཆོག་གི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐོར་། ༧གོང་ས་མཆོག་དང་བོད་མི་མང་པོ་སྐྱབས་བཅོལ་དུ་ཡོང་བའི་བརྒྱུད་རིམ་སོགས་འཁོད་པའི་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་༡༤ པ་མཆོག་གི་དངོས་བྱུང་ལོ་རྒྱུས་ཀྱི་སྒྲུང་ཞིག་ཡིན་པ་རེད་འདུག་ལ། ཕྱག་དེབ་ནང་གི་རི་མོ་འབྲི་མཁན་ནི་ལྷ་སར་སྐྱེས་པའི་བསོད་དོན་ལགས་ཡིན་པ་དང་། བོད་བསྒྱུར་བྱེད་མཁན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ལྕེ་ཅན་བཀྲ་ཤིས་ལམ་བཟང་ལགས་ཡིན་པ་རེད་འདུག
བོད་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་ངག་དབང་བློ་བཟང་ལགས་ཀྱིས་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ངོ་སྤྲོད་གནང་སྐབས། རྩོམ་པ་པོ་ཝི་ཇེ་ཀ་རན་ཏིས་ལགས་ནི། རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། བོད་བསྒྱུར་བྱས་པའི་མཛད་རྣམ་དེའི་བཙོང་རིན་ཚང་མ་བོད་གཞོན་ནུ་ལྷན་ཚོགས་ལ་གནང་ཞིང་། ཁོང་གིས་བོད་དོན་ལ་རྒྱུན་རིང་རྒྱབ་སྐྱོར་གནང་བར་གསུངས་པ་དང་ཆབས་ཅིག་ཁོང་གིས་༧གོང་ས་མཆོག་གི་མཛད་རྣམ་འདི་འདྲ་ཞིག་བརྩམས་གནང་བར་ཐུགས་རྗེ་ཆེ་ཞེས་ཀྱང་ཞུས་གནང་འདུག
་རྩོམ་པ་པོ་ཝི་ཇེ་ཀ་རན་ཏི་རྒྱ་གར་གྱི་གསར་འགོད་པ་དང་། དཔྱད་བརྗོད་པ་ཞིག་ཡིན་པ་མ་ཟད། ལོ་༤༠ ལྷག་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org