རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་དེ་འཛམ་གླིང་གི་ཆོས་ལུགས་ཚང་མར་ཡོང་རྒྱུའི་ཉེན་བརྡ་ཞིག་ཡིན་པ། ཉམས་ཞིབ་པས་བརྗོད་སོང་།

བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་༸གོང་ས་མཆོག་གི་ཚབ་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་མཇུག་ཐབས་ཤིག་ཡིན་པ་བརྗོད་བྱུང་།

པན་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུས་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྐད་ཆ་བཤད་བཞིན་པ། China State Media

ཕྱི་ཟླ་༨ཚེས་མགོར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་བསྟན་ཡན་ལག་མཐུན་ཚོགས་ཟེར་བས། དགོན་པ་ཁག་གི་གྲྭ་བཙུན་ཚོར་སློབ་གསོའི་ཚོགས་འདུ་ཞེས་པ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱལ་མཚན་ནོར་བུས་བོད་བརྒྱུད་ནང་བསྟན་གྲ་བཙུན་ཚོས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་ཁས་ལེན་བྱས་ཏེ། སྲིད་གཞུང་གི་དྲིལ་བསྒྲགས་ལས་དོན་གྱི་བཀོད་སྒྲིག་ལ་རང་རྟོགས་ངང་དང་ལེན། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པ་སོགས་བརྗོད་ཡོད་པ་དང་། ལྡི་ལིར་རྟེན་གཞི་བྱས་པའི་མཁས་པའི་བསྟི་གནས་ཁང་(Observer Research Foundation)གི་ཉམས་ཞིབ་འབུམ་རམས་པ་མ་ནོ་ཇི་ཇོ་ཤི་(Dr Manoj Joshi)ལགས་ནས། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་བཤད་བཞིན་པ་དེ། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་༸གོང་ས་མཆོག་གི་ཚབ་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་མཇུག་ཐབས་ཤིག་ཡིན་པ་བརྗོད་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་གིས་སློབ་གསོའི་ཚོགས་འདུ་ཟེར་བ་དེ་དང་འབྲེལ། རྒྱ་མཚན་ནོར་བུས་མུ་མཐུད་བོད་བརྒྱུད་ནང་བསྟན་ཀྱི་དགོན་སྡེའི་གྲྭ་བཙུན་ཚོའི་ཚེ་གང་གི་བྱ་གཞག་ནི་ནང་ཆོས་དར་སྤེལ་གྱིས་ཀུན་ལ་ཕན་པ་བསྐྲུན་རྒྱུ་དེ་ཡིན་པས། བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར། བསམ་བློ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འདུས་པ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་། རྒྱ་ནག་ཅན་དུ་སྒྱུར་དགོས་པ་སོགས་བརྗོད་ཡོད་པ་དང། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་Ven Dr. Dammapiyaལགས་ནས་འཛམ་གླིང་འདིར་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན། ཀོ་རི་ཡའི་ནང་བསྟན་དང་། ཐའེ་ལེན་ཌི་ནང་བསྟན་སོགས་ཡོད་པས། ཆོས་ལུགས་དང་རིག་གནས་གང་ཞིག་ཡིན་ཡང་མི་འདྲ་བའི་ཆ་ཚང་མ་འདྲ་མཉམ་དང་རང་དབང་ངང་བདག་གཅེས་དགོས་པ་ལས། རྒྱ་ནག་གི་རིག་གནས་དེ་བོད་ཀྱི་ཆོས་དང་རིག་གཞུང་སྒང་ལ་བཙན་བསྒྱུར་བྱེད་ཐབས་དེས་རིག་གནས་གང་དེའི་ངོ་བོ་བཅོས་མ་དང་དཀའ་རྙོག་བཟོ་གཞི་ཞིག་ཆགས་ཀྱི་ཡོད་པ་བརྗོད་བྱུང་།

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བོད་ཀྱི་ས་ཁུལ་གང་སར་ཆེད་གཏོང་གིས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་འདི་ལོའི་ཕྱི་ཟླ་༦ནང་ཁོ་བོད་ཀྱི་མདོ་སྟོད་ཁུལ་དུ་ལྟ་སྐོར་དང་འབྲེལ། ཆབ་མདོ་དགོན་དུ་བོད་ཀྱི་གྲྭ་བཙུན་ཚོས་ཕྱི་ཕྱོགས་རྒྱལ་ཁབ་ཀྱི་ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་གྱིས་ནང་བསྟན་རྒྱ་ནག་ཅན་དུ་མགྱོགས་མྱུར་སྒྱུར་དགོས་སྐོར་སོགས་བརྗོད་ཡོད་པ་རེད་ལ། ཡང་ཉམས་ཞིབ་འབུམ་རམས་པ་མ་ནོ་ཇི་ཇོ་ཤི་ལགས་ནས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་དེ། མ་འོངས་པར་འཛམ་གླིང་གི་ཆོས་ལུགས་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་འདོད་མོས་བཞིན་སྒྱུར་རྒྱུའི་ཉེན་བརྡ་ཞིན་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༢༠ལོར་རྒྱ་ནག་གཞུང་གིས་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནས་བཟུང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་རེད་ལ། ཕྱི་ལོ་༢༠༢༢ལོར་རྒྱ་ནག་གཞུང་འབྲེལ་མགོ་ཁྲིད་ཚོས་ཞི་ཅིན་ཕིན་བོད་དུ་ཕེབས་སྐབས་ཀྱི་གཏམ་བཤད་དང་། བོད་ཀྱི་བཞུགས་མོལ་ཚོགས་འདུའི་ནང་དོན་ཟེར་བ་སོགས་བཤད་དེ། སྔ་གཞུག་ཏུ་ཚོགས་འདུ་རིམ་པའི་སྟེང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་དྲིལ་བསྒྲགས་འདྲ་མིན་བྱས་ཡོད་པ་རེད་ལ། ལྷག་པར་དུ་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུས་ཕྱི་ལོ་༢༠༢༠ལོར་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ་དགོས་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org