བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་གནས་བབ་ལ་དོ་སྣང་དང་སློབ་སྦྱོང་གནང་གལ་ཆེ་ཞེས། སྲིད་སྐྱོང་མཆོག་གིས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སྐབས་གསུངས་པ།
བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་གནས་བབ་ལ་དོ་སྣང་དང་སློབ་སྦྱོང་གནང་གལ་ཆེ་ཞེས། སྲིད་སྐྱོང་མཆོག་གིས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་སྐབས་གསུངས་པ།
- 2024-10-19
-
-
-
Your browser doesn’t support HTML5 audio
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་འབྲས་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་གདན་ས་༸དཔལ་ཆེན་ཆོས་གླིང་དུ་འདི་ཚེས་ ༡༧ དང་༡༨ བཅས་ཉིན་གཉིས་རིང་རྒྱལ་ཚབ་དྲུག་བརྒྱའི་དུས་དྲན་དང་བརྟན་བཞུགས་སུ་ཆེད་ཕེབས་གནང་བ་དང་བསྟུན། འདི་ཚེས་ ༡༨ ཉིན་རྒྱབ་སྲིད་སྐྱོང་མཆོག་ལྷོ་འབྲས་ལྗོངས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་གནང་སྟེ། རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་ས་གནས་མང་ཚོགས་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་དང་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གནས་སྟངས་དེ་བཞིན་འཛམ་གླིང་ནང་གི་སྐྱབས་བཅོལ་བ་གཞན་དང་མ་འདྲ་བར་གནས་ཡོད་པར། མང་ཚོགས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་དགོས་གལ་ཆེ་བ་ཡིན་ཞེས་གསུངས་ཡོད་པ་རེད།
མ་ཟད་སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་མིའི་གཞོན་སྐྱེས་ཚོས་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་བལྟ་ཀློག་དང་དོ་སྣང་དགོས་པའི་ལམ་སྟོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་གལ་གནད་སྐོར། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། ལྷག་པར་དུ་རྒྱ་ནག་ནང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པའི་སྐོར་འགྲེལ་བརྗོད་གནང་སྟེ། ས་གནས་མང་ཚོགས་ཀྱི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།
ར་ཝང་ལ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ས་གནས་སྨན་རྩིས་ཁང་། སཾ་བྷོ་ཊའི་ཉིན་སློབ། ས་འཐུས་ཚོགས་ཁང་། ས་གནས་མཉམ་འབྲེལ་ལས་ཁུངས་དང་འཕྲོད་བསྟེན་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་དང་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་དང་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་ལེ་ལུང་གཉགས་སྟོན་དགོན་པ་བཅས་སུ་གནས་གཟིགས་ཕེབས་ཡོད་པ་རེད།
རྩ་བའི་འདི་ཚེས་ ༡༨ ཉིན་གྱི་སྔ་དྲོར་ལྷོ་འབྲས་ལྗོངས་ཀྱི་གདན་ས་དཔལ་ཆེན་ཆོས་གླིང་དུ། ༸སྐྱབས་མགོན་གོོ་ཤྲཱི་རྒྱལ་ཚབ་གྲགས་པ་མི་འགྱུར་གོ་ཆ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་ལ་གདན་ས་རུམ་བཏེག་བཤད་གྲྭའི་སློབ་ཟུར་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ནས་ཚེ་སྒྲུབ་གསང་བ་འདུས་པའི་ཆོ་ག་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུ་གནང་ཡོད་པ་རེད།
གདན་ས་དཔལ་ཆེན་ཆོས་གླིང་དེ་བཞིན་ཕྱི་ལོ་ ༡༩༩༥ ལོར་སྐྱབས་རྗེ་གོོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་གིས་ཕྱག་བཏབ་པའི་འབྲས་ལྗོངས་ནང་གི་ཀརྨ་བཀའ་བརྒྱུད་པའི་དགོན་པ་ཆེ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་དགོན་པ་དེའི་ནང་གྲྭ་བཙུན་ཞལ་གྲངས་ ༦༠༠ ལྷག་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།