སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སི་དང་རྒྱལ་སྤྱིའི་ངོས་ནས་བོད་འདི་རྒྱ་ནག་ལ་གདོང་ལེན་བྱེད་པའི་འཐབ་གྲོགས་སུ་ངོས་འཛིན་དགོས་པ་གསུངས་འདུག

རྒྱ་ནག་ནང་དུ་བསྒྱུར་བ་གཏོང་རྒྱུར་བོད་དང་། ཡུ་གུར། ཧོང་ཀོང་གི་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཕ་རན་སི་དང་། རང་དབང་ལྡན་པའི་ཡུལ་ལུང་ཁག་གི་སྣ་སྦྲེལ་དུ་ངོས་འཛིན་བྱེད་དགོས་པ་སྲིད་སྐྱོང་མཆོག་གིས་འབོད་སྐུལ་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་བཞིན་པ། ༢༠༢༤།༠༤།༡༧ བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཕ་རན་སི་རྒྱལ་ས་པེ་རིསི་ནང་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་སོགས་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་མི་སྣ་ཁག་དང་མཇལ་འཕྲད་གནང་ཞིང་། ཕྱོགས་མཚུངས་ཕ་རན་སི་ནང་ཐེ་ཝན་གྱི་གཞུང་ཚབ་པའི་ངོ་བོ་དང་མཚོན་པའི་དོན་གཅོད་དང་མཇལ་འཕྲད་གནང་ཞིང་། ཐེ་ཝན་གྱི་དོན་གཅོད་ཁོང་རིང་མིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེའི་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པའི་ལས་འཁུར་ཞུ་ཕྱིར་མགྱོགས་མྱུར་ཐེ་ཝན་དུ་ཕེབས་ཀྱི་ཡོད་པ་སྦེལ་ཇིཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། སྲིད་སྐྱོང་མཆོག་གིས་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དྭང་ལེན་གནང་སྟེ་ཕྱི་ཚེས་ ༡༨ ཉིན་རྒྱ་གར་དུ་ཕྱིར་ཕེབས་ཐོན་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་ཕྱོགས་ཕེབས་སྐབས་འདིར་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཞིང་། རྒྱལ་ས་པེ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་དང་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་འདུག་ལ། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྐབས། བོད་དང་། ཡུ་གུར། ཧོང་ཀོང་གི་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་རྒྱ་ནག་ནང་དུ་བསྒྱུར་བ་གཏོང་རྒྱུར་ཕ་རན་སི་དང་། རང་དབང་ལྡན་པའི་ཡུལ་ལུང་ཁག་གི་སྣ་སྦྲེལ་དུ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་སྲིད་འཛིན་མེཀ་རོན་མཆོག་གིས་སྲིད་སྐྱོང་མཆོག་ལ་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ André Gattolin མཆོག་ལ་ཆེ་བསྟོད་ཀྱི་བྱ་དགའ་འབུལ་བཞེས་སྐབས་མཇལ་འཕྲད་གནང་བ་དེ་ནི་མིག་དཔེ་བཟང་པོ་ཞིག་བཏོན་གནང་བ་ལྟར། མ་འོངས་པར་གནང་ཕྱོགས་འདི་རྒྱུན་སྐྱོང་གིས་ལས་དོན་སྤེལ་འཆར་ཐོག་ཤུགས་གནོན་རྒྱབ་དགོས་པའི་འབོད་སྐུལ་གནང་འདུག་ལ་སྲིད་སྐྱོང་མཆོག་གིས་རྒྱ་ནག་ལ་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ཁ་གཏད་གཅོག་རྒྱུའི་ཐབས་ལམ་ཡག་ཤོས་དེ་ནི་དཔལ་འབྱོར་གྱི་འབྲེལ་ལམ་ཐོག་ནས་རྒྱ་ནག་གཅིག་པུར་བསྟུན་མི་དགོས་པ་ཞིག་གནང་རྒྱུ་འདི་གལ་ཆེན་པོ་ཡིན་པ་གསུངས་ཡོད་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། ཕྱི་ལོ་ ༢༠༢༥ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་འཁེལ་གྱི་ཡོད་པས། དེ་ནས་ལོ་གཅིག་རིང་སྲུང་བརྩི་ཞུ་གི་ཡོད་པ་ལྟར། ཕ་རན་སི་གྲོས་ཚོགས་གོང་མའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་འཚེ་བ་མེད་པའི་དགོངས་གཞི་ཁྱབ་སྤེལ་གཏོང་བའི་ལས་རིམ་སྣེ་ཁྲིད་གནང་དགོས་པའི་སྐུལ་མ་ཞུས་འདུག
ཕྱོགས་མཚུངས་ཨ་མི་རི་ཀའི་ངོས་ནས་ཁྲིམས་ཡིག་གཏན་འབེབས་ཀྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཐད་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་དབང་མེད་པའི་ལངས་ཕྱོགས་བཟུང་པ་ལྟར་ཕ་རན་སི་ངོས་ནས་ཀྱང་ངེས་ཏན་གྱི་ལངས་ཕྱོགས་ཤིག་འཛིན་དགོས་པའི་འབོད་སྐུལ་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདས་པའི་བདུན་ཕྲག་འགའ་ཤས་རིང་འཇར་མི་ནི་དང་ཨའོསི་ཊརེ་ལི་ཡ། ཨི་ཊ་ལི། སུད་སི། ཕ་རན་སི་བཅས་ཡུ་རོབ་ཡུལ་གྲུ་ཁག་ཅིག་ལ་འཚམས་གཟིགས་ཀྱིས་ཡུལ་དེ་དག་གི་གྲོས་ཚོགས་འཐུས་མི་དང་། གནད་ཡོད་དཔོན་རིགས། གསར་འགྱུར་ཚན་པ་ཁག་ལ་བཅར་འདྲི་དྭང་ལན་གནང་ཞིང་ས་གནས་ཁག་སོ་སོའི་བོད་མི་ཚོ་དང་མཇལ་འཕྲད་གནང་བ་སོགས་ཀྱི་མཛད་རིམ་དུ་མ་བསྐྱངས་གནང་ཡོད་པ་དང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཕ་རན་སི་ནས་ཡོ་རོབ་ཀྱི་མཛད་རིམ་ཁག་མཇུག་སྒྲིལ་གནང་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org