སྲིད་སྐྱོང་མཆོག་གིས་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད་།
ཕརེནས་ཡི་རྒྱལ་ས་པེ་རིས་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་འོག་མི་གྲངས་༡༢༩ལྷག་འདས་གྲོངས་སུ་གྱུར་ཡོད་པ།
-
2015-11-15 -
-
-
༄༅༎རེས་གཟའ་པ་སངས་ཀྱི་དགོང་མོ་འཇིགས་སྐུལ་དྲག་སྤྱོད་པས་ཕརེནས་France རྒྱལ་ས་པེ་རིས་Paris ནང་གི་ས་གནས་ཁག་ཅིག་ནང་གཏོར་རྒོལ་བཏང་སྟེ་མི་དམངས་ཤི་རྨས་ཚབས་ཆེ་བྱུང་བའི་གོད་ཆགས་ཕོག་པ་ཚོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད་།
དེ་རིང་རེས་གཟའ་ཉི་མའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། སྲིད་སྐྱོང་མཆོག་གིས་ཐུགས་གསོའི་འཚམས་འདྲིའི་ནང་ལ་། ད་རེས་ཀྱི་གཏོར་རྒོལ་གྱི་དོན་རྐྱེན་ནང་གོད་ཆགས་འཕོག་པའི་ནང་མི་དང་དགའ་ཉེ་སོགས་ལ་ངས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་གསོ་ཞུ་རྒྱུ་དང་།ཆོས་ལུགས་རྨོངས་ཞེན་གྱི་ལམ་ཕྱིན་ཇི་ལོག་པ་ཁག་ཅིག་གིས་གཏོར་རྒོལ་གྱི་ཚབས་ཆེའི་བྱ་སྤྱོད་ལ་ཁ་རྡུང་གཏོང་རྒྱུ་ཡིན་། འཇིགས་སྐུལ་དྲག་སྤྱོད་པ་ནི་འགྲོ་བ་མིའི་རིགས་ལ་འཚེ་བའི་གཏོར་རྒོལ་གཏོང་བ་དང་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་གཏོང་ཡུལ་གྱི་མི་དམངས་དེ་དག་ནི་ཆོས་ལུགས་སོགས་གང་གི་ཐད་ནས་ཉེས་ཅན་སྡིག་གསག་པ་གང་ཡང་མིན་ཞིང་། དྲག་སྤྱོད་པའི་གཏོར་རྒོལ་གྱི་བྱ་སྤྱོད་དེ་ནི་ཁྱབ་ཆེ་བའི་གོད་ཆགས་ཀྱི་རྐྱེན་རྩ་ཞིག་ཡིན་པ་དང་། དེ་ནི་བཟང་སྤྱོད་དང་ཆབ་སྲིད་། ཆོས་ལུགས་མཉམ་སྡེབས་ཀྱི་ཐོག་ནས་འགྲིག་འཇག་བྱེད་ཐུབ་པ་ཞིག་མིན་པར་བརྟེན་ནས་། རྒྱལ་སྤྱིའི་སྤྱི་ཚོགས་མཉམ་སྡེབས་དང་མཉམ་འབྲེལ་གྱི་ཐོག་ནས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་བཅག་ནས་འཛམ་གླིང་དེ་བདེ་འཇགས་ལྡན་པ་དང་བརྟན་ལྷིང་ལྡན་པ་ཞིག་ཏུ་བསྐྱར་གསོ་གནང་དགོས་པ་དང་། བོད་མི་རྣམས་ནི་France མི་དམངས་རྣམས་ཡིད་གདུང་དྲག་པོས་མནར་བའི་དུས་སྐབས་དེར་ཁྱེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད་།
རེས་གཟའ་པ་སངས་དང་ཕྱི་ཚེས་༡༣ ཉིན་གྱི་ཕྱི་དྲོའི་ཚོུད་༡༠ ཙམ་ལ་France རྒྱལ་ས་Paris ནང་གི་ཟ་ཁང་ཞིག་དང་རོལ་དབྱངས་འདུ་འཛོམས་ཁང་། དེ་བཞིན་France དང་འཇར་མ་ནི་རྩེད་འགྲན་ཚོགས་ཡུལ་རྩེད་ཐང་གི་ཉེ་འཁྲིས་ཀྱི་ཆང་ཁང་ཞིག་བཅས་ཁག་གསུམ་ཏུ་འཇིགས་སྐུལ་དྲག་སྤྱོད་པས་གང་བྱུང་ཏུ་མེ་མདའ་རྒྱབ་པ་མ་ཟད་། འབར་རྫས་ཀྱི་གཏོར་རྒོལ་བཏང་བ་ནས་། རེས་གཟའ་སྤེན་པའི་ཉིན་France དཔོན་རིགས་ནས་དོན་རྐྱེན་དེའི་ནང་ཁྱོན་མི་གྲངས་༡༢༩ འདས་གྲོངས་སུ་ཕྱིན་པ་དང་། མི་གྲངས་༣༥༣ རྨས་སྐྱོན་ཕོག་ཡོད་པའི་སྐོར་གསུངས་ཡོད་པ་རེད་།།