སྲིད་སྐྱོང་མཆོག་གིས་བོད་མི་ཚོས་རྒྱ་གར་གཞུང་དང་མི་མང་གཉིས་ཀྱི་བཀའ་དྲིན་དྲན་པའི་ཐོག་ས་གནས་ཡུལ་མི་དང་མཐུན་ལམ་གནང་གལ་ཆེ་བ་ཡིན་ཞེས་གསུངས།
སྲིད་སྐྱོང་མཆོག་གིས་བོད་མི་ཚོས་རྒྱ་གར་གཞུང་དང་མི་མང་གཉིས་ཀྱི་བཀའ་དྲིན་དྲན་པའི་ཐོག་ས་གནས་ཡུལ་མི་དང་མཐུན་ལམ་གནང་གལ་ཆེ་བ་ཡིན་ཞེས་གསུངས།
- 2025-01-27
-
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་བ་འདིའི་ཚེས་ ༡༩ ཉིན་ནས་འགོ་འཛུགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ་གྱི་ནཱ་གྷ་ལེནཌ་མངའ་སྡེའི་ས་གནས་དྷི་མ་པུར་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱ་ས་ཨི་ཊཱ་ན་གར། མེའོ། ཏིཛུ་དང་ནུབ་སྦང་གྷལ་མངའ་སྡེའི་རྡོ་རྗེ་གླིང་ཁུལ་གྱི་ཁ་འཐོར་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་ཤོས་གྲས་ཡིན་པ། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས། ཁུལ་དེར་གནས་སྡོད་ས་གནས་མི་མང་ལ་གསུང་བཤད་གནང་སྐབས་ཁོང་གིས། ད་རེས་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནཱ་གར་ཚོགས་པས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་པའི་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཁག དེ་བཞིན་ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་མི་རིགས་འདྲ་མིན་གྱི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་ཞུགས་གནང་བའི་ཐོག སྤྱི་ཁྱབ་བློན་ཆེན་མཆོག་ནས་བོད་མི་བཙན་བྱོལ་བའི་གནས་སྟངས་ནི་སྐྱབས་བཅོལ་བ་གཞན་དང་གནས་སྟངས་མི་འདྲ་བ་ཞིག་ཡིན་པ་གསལ་པོ་འགྲེལ་བརྗོད་གནང་བ་དེས། ཨ་རུ་ནཱ་ཅལ་མང་ཚོགས་ཁྲོད་བོད་མི་རྣམས་ལ་གཟིགས་ཕྱོགས་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཐོབ་རྒྱུར་ཕན་ཐོགས་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། བོད་མི་རྣམས་ནི་རང་ཡུལ་དང་ཁ་བྲལ་གྱིས་བཙན་བྱོལ་བ་ཞིག་ཏུ་གྱུར་ནས་ཡོད་དུས། གནས་ཡུལ་རྒྱལ་ཁབ་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དྲན་པའི་ཐོག ས་གནས་ཡུལ་མི་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་ཆེ་བ་ཡིན་ཞེས་གསུངས་སོང་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་སྟབས། མགོན་པོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་རྒྱུ་ནི་བོད་མི་ཡོངས་ཀྱི་ཆེད་གནད་དོན་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཆེད་གསོལ་བ་སྨོན་ལམ་འདེབས་རྒྱུ་དང་། ལྷག་པར་གཙོ་ཆེ་ཤོས་བླ་མ་དང་སློབ་མའི་དབར་གྱི་དམ་ཚིགས་བརྟན་པོ་དགོས་གལ་ཆེ་བའི་སྐོར་གསུངས་སོང་།
མ་ཟད་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་བྱུང་རིམ་དང་ཐབས་བྱུས་ཀྱི་གལ་གནད་གསལ་སྟོན་གནང་བ་དང་སྦྲགས། བོད་དོན་འཐབ་རྩོད་མུ་མཐུད་གནས་རྒྱུར་བོད་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་སྦྱང་ཤེས་རྒྱུས་ལོན་དགོས་གལ་ཆེ་བ་ཡིན་ཞེས་ནན་བརྗོད་གནང་ཡོད་པ་རེད། གཞན་ཡང་སྲིད་སྐྱོང་མཆོག་གིས་དེང་བཙན་བྱོལ་དུ་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ཏུ་བོད་ནས་སློབ་མ་འབྱོར་རྒྱུ་མཚམས་ཆད་ཡོད་ཅིང་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་གནད་དོན་མངོན་གསལ་གནང་བ་དང་མཉམ། རྒྱ་བལ་འབྲུག་གསུམ་ནང་གནས་བཞུགས་བོད་མི་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོས་ཀྱིས། ཕྲུ་གུ་སྐྱེས་ཚད་ཉུང་དུ་འགྲོ་བཞིན་པ་སོགས་ཀྱི་གནད་དོན་དེ་དག་གིས་མ་འོངས་བོད་པའི་སློབ་གྲྭ་ཁག་ཏུ་དཀའ་ངལ་འཕྲད་སྲིད་པའི་སྐོར་ནན་བཤད་གནང་ཡོད་པ་རེད།
འདི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་ས་གནས་རྫོང་དཔོན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་དུས་དྲན་ཐེངས་ ༧༦ པ་སྲུང་བརྩིའི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཞུགས་གནང་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།