སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨེ་སུ་རལ་ལ་གཟིགས་སྐོར་གནང་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨེ་སུ་རལ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གནང་གྲུབ་འདུག
-
2018-06-25 -
-
-
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨེ་སུ་རལ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གནང་གྲུབ་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ལོ་ཕྱི་ཟླ་ ༦ ཚེས་ ༡༨ ནས་ ༢༤ བར་ཨེ་སུ་རལ་(Israel)རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་ཡོད་པའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་སྲིད་སྐྱོང་མཆོག་ལ་ཨི་སུ་རལ་བོད་ཀྱི་གྲོགས་པོ་དང་། ཨེ་སུ་རལ་(ROI Community) ཞེས་པའི་ཚོགས་པ་གཉིས་ནས་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་(ROI Summit)ཞེས་པའི་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཅས་ལ་མཇལ་འཕྲད་གནང་བ་སོགས་ས་གནས་སུ་ལས་འཆར་ཁག་གྲུབ་ནས་ཕྱི་ཚེས་ ༢༤ ཉིན་གྲོང་ཁྱེར་(Tel Aviv)ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་༢༥ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་བྱུང་ཡོད་པ་འཁོད་རེད།གཞན་ཡང་ ཕྱི་ཚེས་ ༢༤ ཉིན་ཨེ་སུ་རལ་ཡུལ་གྱི་(Jerusalem Post)ཞེས་པའི་གསར་ལས་ཁང་གིས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་བའི་སྐབས། སྲིད་སྐྱོང་མཆོག་གིས་“ང་ཚོས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་བཞིན་ཡོད། གལ་ཏེ་ཇིའུ་མི་རིགས་ཚོས་དུས་ཡུན་དེ་ཙམ་རིང་འབད་བརྩོན་གནང་ཐུབ་ཚེ་ང་ཚོ་བོད་མི་ཚོས་ཀྱང་འབད་བརྩོན་དེ་ལྟར་བྱེད་ཐུབ་པ་དགོས། འོན་ཀྱང་ལོ་ངོ་ ༢༠༠༠ ཟེར་བ་དུས་ཡུན་ཧ་ཅང་རིང་པོ་ཞིག་རེད། ང་ཚོས་དུས་ཚོད་དེ་འདྲ་མ་འགོར་བའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། “ཅེས་གསུངས་ཡོད་པ་རེད།
འདས་པའི་ལོ་ངོ་ ༦༠ བཅུའི་རིང་བོད་མི་སྟོང་ཕྲག་མང་པོས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནང་གདན་འདྲེན་ཞུ་ཐུབ་ན་བསམ་པའི་ངང་ནས་རང་གི་ཚེ་སྲོག་ཤོར་ཡོད། བོད་མི་ཚོས་ཀྱང་ཇིའུ་མི་རིགས་ལྟར་བཙན་བྱོལ་ནང་དུ་རང་གི་ཆོས་དང་། སྐད་ཡིག་སྲུང་སྐྱོབ་གནང་བཞིན་ཡོད་པ་རེད། (Israel)གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་ཡོད་པ་རེད། ཡང་སྲིད་སྐྱོང་མཆོག་གིས་ཨེ་སུ་རལ་མང་ཚོགས་ཁྲོད་ལ་བོད་མཐོ་སྒང་ཁོར་ཡུག་གི་གལ་གནད་སྐོར་དང་། ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་རང་དབང་ཁང་པས་གྲངས་ཐོ་བཏོན་པའི་ནང་(Syria)རྗེས་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱིས་ས་ཁུལ་བོད་ཡིན་སྐོར་འཁོད་ཡོད་པའི་སྐོར་དང་། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ལས་བོད་ནང་ཕེབས་རྒྱུར་དཀའ་ངལ་ཆེ་བ་ཡོད་པ་ནི་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཡིན་སྐོར་སོགས་བརྗོད་ཡོད་འདུག
སྲིད་སྐྱོང་ཡུལ་དེར་གཟིགས་སྐོར་དེ་ཐེངས་དང་པོ་ཡིན་ན་ཡང་ཕེབས་སྐབས་ཀྱི་གནས་ཚུལ་སྐབས་ཐོག་དེར་དེ་ཙམ་ཕྱི་བསྒྲགས་གནང་མེད་པ་བོད་མིའི་སྒྲིག་འཛུགས་གྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་དབྱངས་སྒྲོལ།