དབུ་མའི་ལམ་ནི་ཐབས་ལམ་སྲིད་བྱུས་ཡག་ཤོས་དེ་ཡིན།
དབུ་མའི་ལམ་ནི་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་ཀྱི་སྲིད་ཇུས་ཡག་ཤོས་ཡིན་པ་སྲིད་སྐྱོང་མཆོག་གིས་ནེའུ་ཡོག་བོད་མི་ཚོར་གསུངས་འདུག
-
2013-11-18 -
-
-
དབུ་མའི་ལམ་ནི་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་ཀྱི་སྲིད་ཇུས་ཡག་ཤོས་ཡིན་པ་སྲིད་སྐྱོང་མཆོག་གིས་ནེའུ་ཡོག་བོད་མི་ཚོར་གསུངས་འདུག
ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་བཞི་པ་གནང་བཞིན་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་Dr.བློ་བཟང་སེང་གེ་མཆོག་དང་། ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་གཉིས་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རི་གཞུང་དང་། གྲོས་ཚོགས་གོང་འོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གསར་འགྱུར་ལས་རིགས་བཅས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༡༧ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་མང་ཚོགས་ཆིག་སྟོང་ལྷག་ཙམ་ལ་གསུང་བཤད་གནང་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། ཐེངས་འདིར་ཝ་ཤིང་ཀྲོན་དུ་མི་སྣ་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་བའི་སྐོར་དང་། ད་བར་ཝ་ཤིང་ཀྲོན་དུ་ཐེངས་བཞི་ཙམ་ཕེབས་པའི་ཉམས་མྱོང་ལ་གཞིགས་ན། ཨ་རི་གཞུང་དང་། གྲོས་ཚོགས་ནས་བོད་མི་རྣམས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བ་ཙམ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་ཧ་ཅང་གི་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་དང༌། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱེད་དགོས་པའི་གལ་ཆེའི་རང་བཞིན། དབུ་མའི་ལམ་ནི་བོད་ནང་གི་ཛ་དྲག་གནས་སྟངས་སེལ་བར་བྱེད་པའི་ཐབས་ལམ་སྲིད་བྱུས་ཡག་ཤོས་དེ་ཡིན་པ། སྲིད་བྱུས་དེ་ལ་རྒྱལ་སྤྱི་དང་། རྒྱ་གར། རྒྱ་རིགས་བཅས་ཀྱི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པའི་སྐོར། བཀའ་ཤག་ནས་ཤེས་ཡོན་སློབ་གསོའི་ལས་དོན་ལ་ཐོངས་ཆེན་གནང་གི་ཡོད་པ། དེ་བཞིན་དོལ་རྒྱལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་ཡང་ལན་འདེབས་གནང་འདུག
དེ་ནས་སྲིད་སྐྱོང་མཆོག་གི་མཛད་དོན་ཁག་གྲུབ་བསྟུན་ནིའུ་ཡོཀ་རྒྱལ་སྤྱིའི་གནམ་ཐང་བརྒྱུད་ཡུ་རོབ་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་གནང་བར་ཕེབས་ཐོན་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།