རང་སྐྱོང་ཐོབ་ཐབས་བྱ་རྒྱུ་ང་ཚོའི་ཆབ་སྲིད་ཀྱི་འགན་ཡིན།

བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་རྩ་ཆེ་ཤོས་ཡིན་ཅེས་སྲིད་སྐྱོང་གིས་གསུངས་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་དུ། ༢༠༡༧།༣།༣༠ tibet.net

བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་རྩ་ཆེ་ཤོས་ཡིན་ཅེས་སྲིད་སྐྱོང་གིས་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། འདི་ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་ཁུལ་གྱི་མ་སུ་རི་བོད་ཁྱིམ་ཡན་ལག་སློབ་གྲྭ་གྷོ་རི་མ་ཕི་(Gohri Mafi) ཞེས་པར་ཕེབས་སྐབས་བཀའ་ཤག་སྐབས་༡༥ བའི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་གསལ་བཤད་གནང་ཞིང་།  སྲོད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྔ་དང་ལྔ་བཅུའི་འཐབ་བྱུས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གཞིར་བཞག་ཐོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་རྩ་ཆེ་ཤོས་དེ་རེད། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པ་ཡིན་ན་འགྲིག་གི་འདུག འདི་ལོ་ལྔའི་འཐབ་བྱུས་རེད་གལ་ཏེ་ད་དུང་ལོ་ལྔ་བཅུ་ལྷག་པ་ཡིན་ན། ང་ཚོ་འཚོ་གནས་ཐུབ་པའི་འཆར་གཞི་དང་འཐབ་ཇུས་ཞིག་ཀྱང་དགོས་ཀྱི་རེད་ཅེས་གསུངས་འདུག
ཡང་སློབ་ཕྲུག་ཚོར་བཀའ་སློབ་གནང་བའི་སྐབས་སྲིད་སྐྱོང་གིས། བློ་ཕམ་པ་ཞིག་ལ་སློབ་གྲྭ་ཁག་གཅིག་གི་ནང་བུད་མེད་ལ་སློབ་གྲྭའི་དགེ་རྒན་ལས་བྱེད་ཀྱིས་བཙན་གཡེམ་བྱས་པའི་གནས་ཚུལ་ཡོང་གི་འདུག འདི་ཧ་ལས་པའི་ཐབས་སྐྱོ་བོ་རེད། བཀའ་ཤག་གི་ངོས་ནས་གནས་ཚུལ་འདི་རིགས་ལ་དུས་ནམ་ཡང་བཟོད་སྲན་བྱེད་རྒྱུ་མིན་པ་དེ་གསལ་པོར་བརྗོད་རྒྱུ་ཡིན་ཅེས་དང་།  དེ་འདྲའི་གནས་ཚུལ་མ་འོངས་པར་བྱུང་ན་དགེ་རྒན་དང་ལས་བྱེད་སུ་ཡིན་ནའང་འཕྲལ་དུ་ཉེན་རྟོག་པར་རྩིས་སྤྲད་དེ་བཙོན་འཇུག་བྱེད་རྒྱུ་རེད་མ་གཏོགས་ཐབས་གཞན་གང་ཡང་མེད་པ་རེད་ཅེས་གསུངས་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org