སྲིད་སྐྱོང་མཆོག་གི་དབུ་བཞུགས་ཐོག་བོད་མིའི་མཉམ་འབྲེལ་ཁག་གི་བསྐྱར་ཞིབ་ཚོགས་ཆེན་དབུ་འཛུགས་གནང་བ།

མ་འོངས་པར་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་འཐུས་ཚང་ཡོང་ཆེད་ད་ལྟའི་འཛིན་སྐྱོང་སྒྲོམ་གཞི་ལ་བཅོས་འགྱུར་དགོས་མིན་གྱི་ཐད་གོ་བསྡུར་ཚད་ལྡན་དགོས་སྐོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་གསུངས་འདུག

དབུས་བོད་མིའི་སྒྲིག་འཛུགས།

ཟླ་བ་འདིའི་ཚེས་༢༢ནས་༢༤བར་ཉིན་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་སྣེ་ལེན་འཛིན་སྐྱོང་སྦྱོང་བརྡ་ཁང་དུ་བོད་མིའི་མཉམ་འབྲེལ་ཁག་གི་བསྐྱར་ཞིབ་ཚོགས་ཆེན་གྱི་ཐོག་སྦེང་ལོར་ལྷོ་སྤྱི་དང་། ལ་དྭགས་ཀྱི་ལ་སྤྱི། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་བཅས་ཀྱི་གཙོས་པས་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་མཉམ་འབྲེལ་ཁག་གི་ཚོགས་གཙོ་དང་དྲུང་ཆེ་སོགས་ལྷན་བཞུགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་འདུག
ལྷན་ཚོགས་དེ་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བའི་ནང་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་གི་སྒྲོམ་གཞིར་དུས་བསྟུན་བསྐྱར་ཞིབ་དང་འབྲེལ་མ་འོངས་པར་མཉམ་འབྲེལ་ཁག་གི་འཛིན་སྐྱོང་ལ་སྐྱོན་གནད་མི་ཡོང་བར་འཐུས་ཚང་ཡོང་ཆེད་ད་ལྟའི་འཛིན་སྐྱོང་གི་སྒྲོམ་གཞིར་བཅོས་བསྒྱུར་དགོས་མིན་ཐད་གོ་བསྡུར་ཚད་ལྡན་དགོས་སྐོར་གསུང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་དུང་།ད་ལན་ལྷན་ཚོགས་ཀྱི་ཐོག་མཉམ་འབྲེལ་ཁག་གི་དགོས་མཁོ་དང་མཐུན་པའི་ལས་འཆར་གསུང་པ་ཡིན་ན་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་ནང་འཆར་འབུལ་ཞུ་རྒྱུའི་ཁྱད་པར་ཡོད་སྐོར་གསུངས་ཡོད་པ་རེད།
དེ་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཕྱི་ལོ་༢༠༠༥ལོར་སྐབས་བཅུ་གཉིས་པའི་བཀའ་ཤག་གི་མཉམ་འབྲེལ་དེ་བཞིན་ས་གནས་འགོ་འཛིན་ལས་ལོགས་སུ་འཛིན་སྐྱོང་དགོས་པའི་ལམ་སྟོན་བཀོད་མངགས་ལྟར་ད་བར་དེ་ལྟར་གནང་མུས་ཡིན་ཞིང་། འདས་པའི་ལོ་དུས་ཀྱི་ས་གནས་ཁག་ཅིག་གི་ནང་མཉམ་འབྲེལ་གྱི་ལས་སྣེ་ནང་ཁུལ་དང་། ས་གནས་ཁག་ཅིག་གི་ནང་མཉམ་འབྲེལ་དང་ས་གནས་འགོ་འཛིན་དབར་གྱི་འབྲེལ་བའི་ཐོག་དཀའ་ངལ་འཕྲད་པའི་གནས་སྟངས་འོག་ད་ལན་ལྷན་ཚོགས་འདིའི་ཐོག་ནས་ནང་སྲིད་ལས་ཁུངས་ནས་མཉམ་འབྲེལ་ལ་འཛིན་ཕྱོགས་ཀྱི་ལམ་སྟོན་ཞིག་ཐོན་པའི་རེ་བ་ཞུ་ཡི་ཡོད་སྐོར་གསུང་གནང་འདུག ཡང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་མཉམ་འབྲེལ་དང་སོ་ནམ་སྡེ་ཚན་གྱི་འབྲེལ་མཐུད་པ་གུ་རུ་ཉི་མ་ལགས་ཀྱི་གསུང་ན་ད་ལན་ལྷན་ཚོགས་འདིའི་ཐོག་མཉམ་འབྲེལ་གྱི་འཛིན་སྐྱོང་གི་ཐོག་བསྐྱར་ཞིབ་ཀྱི་མཚོན་པའི་བརྗོད་གཞི་དོན་ཚན་ཁག་བདུན་གྱི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གནང་བྱུང་།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org