བོད་དོན་གདུང་སེམས་མཉམ་སྐྱེད་ལས་འགུལ་དབུ་འབྱེད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་གདུང་སེམས་མཉམ་སྐྱེད་ལས་འགུལ་དབུ་འབྱེད་དང་མཉམ་ཚེས་༡༠ལ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་འདུག

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ཟླ་བཅུ་གཉིས་པའི་ཚེས་༥གཟའ་ལྷག་པའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།  ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས། ཕྱི་དྲིལ་དྲུང་འཕར་བཀྲིས་ཕུན་ཚོགས་ལགས་བཅས་དབུ་ཞུགས་ཐོག  ཕྱི་ཟླ་༢༠༡༢ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་དེ་ཉིན་རྒྱལ་སྤྱིའི་བོད་དོན་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་གཞི་རྒྱ་ཆེན་པོའི་ཐོག་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་  གསར་འགོད་གསལ་བསྒྲགས་སྐབས་སྲིད་སྐྱོང་མཆོག་ནས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་གསུམ་ཅུའི་དུས་དྲན་གྱི་གཏམ་བཤད་སྐབས་ངས་བོད་མི་དང་བོད་པའི་གྲོགས་པོ་རྣམས་ཕྱི་ལོ་༢༠༡༢ལོ་འདི་བཞིན་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ལོ་ཞིག་ཏུ་འགྱུར་རྒྱུའི་འབོད་སྐུལ་ཞུས་པ་ལྟར་།   ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཕ་རན་སི་།  ཨི་ཊ་ལི་།   ཨ་རི་བཅས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་མ་ཟད་།  ཨོ་སི་ཊོ་ལི་ཡ་དང་། བྷར་སིལ་། ཁེ་ན་ཊ་། ཡུ་རོབ་སྤྱི་མཐུན་ཚོགས་པ་།  ཕ་རན་སི་།  ཇར་མན།  ཨི་ཊ་ལི་། རྒྱ་གར་། ཉི་ཧོང་།  ལྷོ་ཨ་ཕེ་རི་ཀ་། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བརྟེན་འབོད་སྐུལ་ཞུས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད་ཅེས་དང་།  བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱལ་སྤྱིའི་ཚོགས་པ་དང་། ཆབ་སྲིད་དབུ་ཁྲིད་།  རིག་པ་སྨྲ་བ་།  བོད་མིའི་གྲོགས་པོ་གསར་འགྱུར་རྒྱུད་ལམ་དེ་བཞིན་དྲང་བདེན་ལ་དགའ་བའི་མི་མང་བཅས་ལ་གང་ཐུབ་ཀྱིས་གོ་རྟོགས་སྤེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཞུ་རྒྱུ་དང་སྦྲགས།  དེ་འབྲེལ་ལས་འགུལ་གྱི་ཆ་ཤས་སུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་བརྙན་འཕྲིན་སྐར་མ་དྲུག་ལྷག་ཙམ་ཡོད་པ་ཞིག་དང་།  དྲ་རྒྱ་Microsite   དེ་བཞིན་ངོ་དེབ་ཀྱི་ཤོག་ངོས་ཤིག་ཀྱང་དབུ་འབྱེད་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དྲ་ཛག་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་མ་ཟད་།  སྲིད་གཞུང་ཁག་དང་།  རྒྱལ་སྤྱིའི་སྒྲིག་འཛུགས་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་ཚོགས་པ་།   དེ་བཞིན་མི་སྒེར་སོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་འཛམ་གླིང་མི་མང་ཚོས་མཁྱེན་པ་ཞིག་བཟོས་ཏེ་རྒྱ་ནག་གི་དབུ་ཁྲིད་ཚོར་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་འབོད་སྐུལ་ཤུགས་ཆེ་གནང་ཚེ་ནུས་པ་ཏན་ཏན་ཐོན་རྒྱུ་རེད་ཅེས་གསུང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org