སྲིད་སྐྱོང་མཆོག་མེཀ་སི་ཀོའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལ་མཇལ་འཕྲད་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་གཟིགས་སྐོར།

མེཀ་སི་ཀོའི་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ངོ་སྤྲོད་གནང་སྐབས་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཐུགས་ཚོར་བ་ཆེན་པོས་དགའ་བསུ་ཞུས་འདུག

མེཀ་སི་ཀོའི་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ངོ་སྤྲོད་གནང་སྐབས་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཐུགས་ཚོར་བ་ཆེན་པོས་དགའ་བསུ་ཞུས་འདུག འདྲ་བཤུས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་བྱངཨ་རིའི་ནང་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་གནང་མུས་ལ། ཕྱི་ཟླ་༡༠ཚེས་ ༡༠ཉིན་མེཀ་སི་ཀོ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ Karla Almazán མཆོག་དང་ལྷན་མཇལ་འཕྲད་ཀྱིས་གྲོས་ཚོགས་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་རེད། མེཀ་སི་ཀོའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ས་གནས་སུ་བཞུགས་མེད་སྟབས་ཚོགས་གཞོན་མཆོག་གིས་སྣེ་ལེན་གནང་འདུག་ལ། སྲིད་སྐྱོང་མཆོག་གིས་བོད་དོན་ཞུ་སྐུལ་སླད་མེཀ་སི་ཀོའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག

ཚོགས་འདུའི་ཐོག་མེཀ་སི་ཀོ་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ Karla Almazán  མཆོག་ཆེད་ཕེབས་ཀྱིས་མེཀ་སི་ཀོའི་གྲོས་ཚོགས་ནས་བོད་དོན་ཐོག་ལ་བཞེངས་ཕྱོགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ད་ལྟའི་བོད་ཀྱི་གནས་བབ་འགྲེལ་བརྗོད་གནང་ཐོག་མེཀ་སི་ཀོ་གཞུང་དང་། གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཞུས་འདུག དེ་ཉིན་མེཀ་སི་ཀོའི་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་ཚབ་ཚོགས་གཞོན་ལྕམ་སྐུ་ Karla Almazán མཆོག་གི་བཀའ་འཁྲོལ་ཐོག་གྲོས་ཚོགས་འཐུས་མིའི་བོད་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་ Salvador Caro མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ངོ་སྤྲོད་གནང་སྐབས་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཐུགས་ཚོར་བ་ཆེན་པོས་དགའ་བསུ་ཞུས་ཡོད་ལུགས་སྲིད་སྐྱོང་མཆོག་དང་ལྷན་བཅར་ཞུ་མཁན་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ཚེས་༡༠ ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་མེཀ་སི་ཀོའི་ས་གནས་ཀྱི་མཐོ་སློབ་ཆེ་གྲས་ཤིག་ནང་ཕེབས་ནས་ཕྱི་སྲིད་རིག་པའི་ཐོག་སློབ་སྦྱོང་གནང་མཁན་སློབ་ཕྲུག་ཚོར་བོད་དོན་དང་། རྒྱ་ནག་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཇི་ཡོད་སོགས་ཀྱི་ཐད་གསུང་བཤད་དང་དྲི་བ་དྲི་ལན་ཚོུད་གཅིག་དང་ཕྱེད་ཀ་ཙམ་གནང་འདུག ཚེས་ ༡༠ དགོང་དྲོ་སྲིད་སྐྱོང་མཆོག་མེཀ་སི་ཀོའི་གྲོང་ཁྱེར་ Guadalajara ས་གནས་སུ་ཕེབས་འབྱོར་གནང་འདུག་ལ། སྲིད་སྐྱོང་མཆོག་གིས་མེཀ་སི་ཀོའི་ནང་མུ་མཐུད་མཛད་འཆར་ཁག་ཅིག་སྐྱོང་རྗེས། ཨ་མི་རི་ཀའི་ནང་གཞུང་དོན་ཕྱོགས་སྐྱོད་དུ་ཕེབས་འཆར་འདུག་ལ། སྲིད་སྐྱོང་མཆོག་ཨ་རིའི་ནང་བཞུགས་རྒྱུན་རིང་དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་། ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང་། གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་འདུག ཟླ་བ་འདིའི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་Rayburn House office Building ཀྱི་ཚོགས་ཁང་ཞིག་གི་ནང་སྲིད་སྐྱོང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Richard Gere གཉིས་དབུ་བཞུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༦ འཁོར་བའི་དུས་དྲན་མཛད་སྒོ་འཚོགས་རྒྱུ་ཡིན་འདུག  ཡང་སྤྱི་ཟླ་༡༠ཚེས་༡༨ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་ཡང་འཁེལ་ཡོད་འདུག།

 གསར་འགོད་པ། ཚེ་དབང་དངོས་གྲུབ། རིག་ལྡན་སྒྲོལ་མ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org