དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་མེད།
ནང་སྲིད་བཀའ་བློན་མཆོག་གིས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་མེད་པ་དང་རྒྱ་གར་གཞུང་གི་ཁྲིམས་ལ་ཡིད་ཆེས་ཡོད་པ་གསུངས་འདུག།
-
2015-09-18 -
-
-
༄༅། །བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་རྒྱལ་བ་ཀརྨ་པ་མཆོག་དང་འབྲེལ་བའི་ཁ་མཆུའི་སྐོར་གླེང་སློང་བྱུང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་མེད་པ་མ་ཟད། རྒྱ་གར་གཞུང་གི་ཁྲིམས་ལ་ཡིད་ཆེས་གཙང་མ་ཡོད་པའི་སྐོར་གསུངས་འདུག།
བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་༣པའི་ཕྱི་དྲོར་ སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་ཧི་མ་ཅལ་ ཨུ་ཎ་རྫོང་ས་གནས་ཁྲིམས་ཁང་གིས་རྒྱལ་བ་ཀརྨ་པ་མཆོག་ཕྱག་དངུལ་དང་འབྲེལ་ཡོད་ཁ་མཆུ་དེར་ཀརྨ་པ་རིན་པོ་ཆེ་མཆོག་གི་མཚན་བཀོད་མི་དགོས་པའི་ཐག་གཅོད་གནང་ཡོད་ཀྱང་ འབྲས་ལྗོངས་ཀྱི་ནང་བསྟན་སྲུང་སྐྱོབ་ཚོགས་པ་ཟེར་བ་ཞིག་གིས་གྱོད་དོན་དེར་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་པར་བརྟེན་ཉེ་ཆར་ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གིས་ཨུ་ཎ་ས་གནས་ཁྲིམས་ཁང་གི་ཐག་གཅོད་དེ་རྩིས་མེད་དུ་བཏང་ནས་ཁ་མཆུ་དེ་རྒྱལ་བ་ཀརྨ་པའི་མཚན་ཐོག་ཏུ་བཀོད་དགོས་ལུགས་བཀའ་རྒྱ་བཏང་ཡོད་སྟབས་ ང་ཚོར་རྒྱལ་བ་ཀརྨ་པའི་ཁ མཆུ་དེའི་ཐད་བློ་འཚབ་འདུག་པས་ དཔལ་ལྡན་བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱིས་ཁ་མཆུ་དེའི་སྐོར་གྲོས་ཚོགས་ལ་ངོ་སྤྲོད་གནང་རོགས་ཞེས་ཞུས་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ ཉེ་ཆརཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་ནས་རྒྱལ་ བ་ཀརྨ་པ་རིན་པོ་ཆེ་ཁ་་མཆུ་དེའི་ནང་ཚུད་དགོས་རེད་ཅེས་ཐག་གཅོད་དེའི་ཐད་ང་ཚོར་མཚོན་ན་གློ་བུར་དུ་ཐག་གཅོད་བྱུང་བ་ཞིག་ཚོར་སོང་། བཀའ་ཤག་གིས་གནད་དོན་དེ་གལ་ཆེར་རྩིས་ནས་ནང་སྲིད་བཀའ་བློན་མཆོག་ཆེད་དུ་སིམ་ལར་ཕེབས་དགོས་ཀྱི་འདུག་ཅེས་ཞུས་པ་དང་ དེར་ཕེབས་ནས་ཞུ་གཏུག་དགོས་པ་དང་གསལ་བཤད་གནང་དགོས་པ་ཆ་ཚང་ཞུ་དང་ཞུ་མུས་ཡིན་ཞེས་གསུངས་འདུག ཁ་མཆུ་དེའི་ཐད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ཁྲིམས་ཁང་ནང་གོ་བསྡད་པའི་གནས་ཚུལ་ཞིག་ལ་ཁྲིམས་ཁང་རང་ནས་གཙང་མ་བཟོ་དགོས་པ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ལ་ ཀརྨ་པ་རིན་པོ་ཆེ་མཆོག་ནོར་འཁྲུལ་རྩ་བ་ནས་མེད་པར་བརྟེན་ བོད་གཞུང་གིས་ཐོག་མ་ནས་ཁ་མཆུ་བཙུགས་དགོས་པའི་རྒྱུ་མཚན་ཡང་དེ་རང་ཆགས་ཀྱི་ཡོད། ད་ལྟའི་སྐབས་ལ་ཡང་ བཀའ་ཤག་ཐོག་ནས་གལ་ཆེན་པོ་ཞིག་ལ་རྩིས་ནས་དེ་རིང་གྲོས་ཚོགས་ནང་ལ་སྤོབས་པ་ཆེན་པོའི་ཐོག་ནས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་མེད་པ་མ་ཟད། རྒྱ་གར་གཞུང་གི་ཁྲིམས་ལ་ཡིད་ཆེས་གཙང་མ་བྱས་ནས་ཐུགས་ཕྲལ་རྩ་བ་ཉིད་ནས་གནང་མི་དགོས་ཞེས་ཞུ་འདོད་བྱུང་ཞེས་གསུངས་འདུག།
གསར་འགོད་པ་འཆི་མེད།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་དབང་རྒྱལ།