རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་བལྟོས་པར་སྲིད་སྐྱོང་མཆོག་གིས་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་གདན་ཞུས་ལྟར་བོད་དོན་གཏམ་བཤད་གནང་བ།

མ་འོངས་པར་དཀའ་རྙོག་རྣམས་གྲོས་མོལ་དང་ཞི་བདེའི་ལམ་ནས་སེལ་ཐུབ་པ་བོད་མིའི་ངོས་ནས་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པའི་རེ་བ་ཡོད།

སྲིད་སྐྱོང་མཆོག་གིས་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་གདན་ཞུས་ལྟར་བོད་དོན་གཏམ་བཤད་བཤད་གནང་བཞིན་པའི་སྐབས། ༢༠༢༣།༠༦།༢༡ ཉིན། བོད་མིའི་སྒྲིག་འཛུགས།

ཨོསི་ཊརེ་ལི་ཡར་རྟེན་གཞི་བྱས་པའི་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་དང་གདན་ཞུས་ལྟར། སྤྱི་ཟླ་༦པའི་ཚེས་༢༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་མཐོ་སྒང་གི་ཁོར་ཡུག་དང་རྒྱུག་ཆུའི་གལ་གནད། བོད་ནང་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ཉེན་ཁ་དང་དགོན་སྡེ་ཁག་ལ་དམ་དྲགས་ཀྱི་སྐོར། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་དབང་མེད་པའི་སྐོར། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་བོད་དང་བོད་མི་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གསུང་བཤད་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་ནང་གི་བོད་མི་ཚོར་གཞི་རྩའི་རང་དབང་མེད་པའི་སྐོར་བོད་མི་ཙམ་མིན་པར། རྒྱལ་སྤྱིའི་འགྲོ་བ་་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སྟེ། Freedom House ཞེས་པའི་མང་ཚོགས་དང་རང་དབང་ལྟ་ཞིབ་ཁང་གིས་ཀྱང་། བོད་དེ་རང་དབང་མེད་པའི་ཆེས་སྡུག་ཤོས་གྲས་ཀྱི་ཡུལ་གྲུ་ཞིག་ཡིན་པའི་སྐོར་ལོ་འཁོར་སྙན་ཐོའི་ནང་གསལ་སྟོན་བྱས་ཡོད། མཐའ་ན་བོད་ནང་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་གླེང་སའི་ཁོར་ཡུག་མེད་པ་མ་ཟད། སོ་སོའི་ཉེ་གྲོགས་གཅིག་གིས་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དང་མི་མཐུན་བྱ་སྤྱོད་སྤེལ་བ་ཡིན་ན། རང་ཉིད་ཙམ་མ་ཟད། ཉེ་ཁོར་གྱི་ཕ་མ་སྤུན་ཉེ་ཚང་མར་དཀའ་ངལ་འཕྲད་ཀྱི་ཡོད་ཅེས་གསུངས་འདུག

ཁ་སྔོན་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(National Press Club of Australia)ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གདན་ཞུ་གནང་གི་ཡོད་པའི་གནས་ཚུལ་ཁྱབ་མ་ཐག་ཏུ་ཁུལ་དེར་ཆགས་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུའི་སྡིངས་ཆ་སྤྲད་པ་དེ་ཕྱིར་འཐེན་བྱེད་དགོས་ལུགས་ཀྱི་དགག་པ་བརྒྱབ་མིན་ལ་མ་བལྟོས་པར། ད་རེས་སྲིད་སྐྱོང་མཆོག་དངོས་སུ་ཕེབས་ཏེ། བོད་དོན་གསུང་བཤད་གནང་ཞིང་། སྐབས་དེར་ཁོང་གིས། ང་འདིར་སྐད་བཏང་བར་ངོ་རྒོལ་བྱས་པ་དེ་ནི་ང་ཚོར་མཚོན་ན། བོད་དོན་ཁྱབ་བསྒྲགས་བྱས་པ་ལྟ་བུ་གྱུར་སོང་བས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་མ་ཐག་ཏུ། ཚོགས་བཅར་བ་ཚོས་དགའ་བསུའི་ཐལ་སྒྲ་སྒྲོག་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་མིའི་ཐབས་རྩོད་འདི་འཚེ་མེད་ཞི་བའི་ལམ་ལ་སྐྱོད་དགོས་པའི་རྒྱུ་རྐྱེན་སྐོར་གསུང་བཤད་གནང་བའི་ནང་། སྤྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་༡༥༧གྱིས། རང་ལུས་མེར་བསྲེགས་བཏང་ཡོད་པ་དེ་ནི་རྒྱ་ནག་གཞུང་གི་སྲིད་བྱུས་དང་བྱ་སྤྱོད་རྣམས་ལ་འ་ཆད་འུ་ཐུག་པའི་རྗེས་འབྲས་ཡིན་པ་ལས། བོད་མིའི་ངོས་ནས་རྒྱ་མིར་གནོད་འཚེ་བཏང་མ་ཐུབ་པའི་གནས་སྟངས་དེ་འདྲ་ག་ཡང་མིན། དེ་ཡང་དུས་རབས་༧པ་ནས་༩པའི་བར་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་མངའ་ཐང་རྒྱས་པའི་སྐབས། རྒྱ་ནག་ནང་དུ་དམག་དྲངས་ཡོད་པ་ལོ་རྒྱུས་ནང་གསལ་ཡོད། ཕྱིས་སུ་བོད་ལ་ནང་ཆོས་དར་ཁྱབ་བྱུང་སྟེ། བོད་མི་ཚོ་ཆོས་དད་ཅན་དུ་བསྒྱུར་ནས། རིམ་པས་འཚེ་བ་མེད་པའི་ལམ་ལ་བསྐྱོད་ཡོད་ལ། ད་ལྟ་ཡིན་ནའང་། ༸གོང་ས་མཆོག་གིས་ལམ་སྟོན་མཛད་པ་བཞིན། བོད་མི་ཚོས་རང་དབང་ཐབས་རྩོད་དེ་ཡང་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་མུས་ཡིན་པ་དེས། མ་འོངས་པར་དཀའ་རྙོག་རྣམས་གྲོས་མོལ་དང་ཞི་བདེའི་ལམ་ནས་སེལ་ཐུབ་པ་བོད་མིའི་ངོས་ནས་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

ཡང་དྲི་བར་དྲིས་ལན་སྐབས། SBSགསར་སྤེལ་ཁང་གིས། གསར་འགོད་པ་Pablo Vinalesལགས་ཀྱིས། བོད་ཀྱི་གནད་དོན་གླེང་པའི་སྐབས། རྒྱ་ནག་དང་ཨོསི་ཊརེ་ལི་ཡ་གཉིས་ཀྱི་ཕྱི་དྲིལ་གནས་སྟངས་ཇི་ལྟར་ཆགས་མིན་དང་། ཡང་ཨོ་གླིང་གི་ཕྱི་སྲིད་གླེང་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཡུལ་ལུང་གཞན་ཚོར་ཉེས་ཆད་བཅད་ཀྱི་ཡོད་པ་དེའི་ཐད་དགོངས་ཚུལ་ཇི་འདྲ་ཡོད་པའི་སྐོར་བཀའ་དྲིན་ཞུ་སྐབས། སྲིད་སྐྱོང་མཆོག་གིས། རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུ་སྐོར་རྐྱང་རྐྱང་བཤད་བསྡད་པ་ལས། ང་ཚོ་མཉམ་རུབ་ཀྱིས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་རྒྱུ་གལ་ཆེ་བ་མཐོང་གི་འདུག རྒྱུན་དུ་ང་ཚོས་གཞན་ལ་བོད་དོན་ཞུ་གཏུག་བྱེད་པའི་སྐབས། བོད་དེ་དམར་ཤོག་གིས་གནོད་འཚེ་ཕོག་ཡུལ་གཅིག་པུ་ཞིག་ངོས་འཛིན་མ་བྱེད་པར། ངེས་པར་དུ་ང་ཚོས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་ལ་འབད་དགོས་པ་བརྗོད་ཀྱི་ཡོད་ཅེས་གསུངས་འདུག

ཡང་སྐབས་དེར་AAPགསར་སྤེལ་ཁང་གི་གསར་འགོད་པ་William Ton ལགས་ཀྱིས། གལ་ཏེ་རྒྱ་ནག་གཞུང་གིས། མུ་མཐུད་དམ་དྲགས་ཇེ་ཆེར་གཏང་བ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་ལ་རེ་བ་ག་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས། སྤྱི་ལོ་༢༠༠༢ ནས་༢༠༡༠ བར་ང་ཚོས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་མོལ་བྱས་ཡོད་ལ། གནས་སྟངས་ཆ་ཚང་ཁོང་ཚོས་ཧ་གོ་ཡི་ཡོད་རེད། དེ་ལས་འཕྲོས་པའི་གཞན་ག་འདྲ་ཆགས་མིན་ཐད་ངས་ཞུ་ཚོད་ཁག་པོ་འདུག འོན་ཀྱང་། དེང་སྐབས་རྒྱ་ནག་དེ་བརྟན་པོ་མེད་པའི་གནས་སྟངས་མངོན་གསལ་དོད་དུ་ཕྱིན་ཡོད། གལ་ཏེ། རྒྱ་ནག་དམར་ཤོག་གཞུང་ལ་ཉེན་ཁ་དང་གནོད་སྐྱོན་གཏོང་མཁན་ཞིག་བསླེབ་པ་ཡིན་ན། དེར་རྒྱ་ནག་གཞུང་གིས་ཏན་ཏན་ཡ་ལན་བྱེད་ཀྱི་རེད་ཅེས་བརྗོད་འདུག

གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཏམ་བཤད་ཀྱི་ལེ་རིམ་གྱི་མཐའ་མཇུག་ཏུ་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་David Croweལགས་ཀྱིས། དེ་རིང་སྲིད་སྐྱོང་གི་གཏམ་བཤད་དང་ཚོགས་བཅར་བས་ཆ་ཤས་ལེན་སྟངས་ལ་གཞིགས་པ་ཡིན་ན། བོད་མི་དང་ཨོསི་ཊརེ་ལི་ཡའི་མི་མང་གཉིས་ལ་ཐུན་མོང་གི་བཟང་ཕྱོགས་ཧ་ཅང་མང་པོ་ཡོད་པ་མྱོང་ཚོར་བྱུང་ཡོད་པ་གསུངས་སོང་།

གཞི་རྩའི་ཆ་ནས་ད་སྐབས་ཨོསི་ཊརེ་ལི་ཡའི་ནང་བོད་མི་༢༥༠༠ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་སྤྱི་ཟླ་༦ པའི་ཚེས་༢༢ཉིན་མེལ་བྷོངྣ་(Melbourne)དུ་ཆགས་པའི་ཨོ་གླིང་དང་རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་གཏན་འཁེལ་འདུག་པ་དང་། སྤྱི་ཚེས་༢༣ཉིན་སྦིརསི་བྷན་(Brisbane)གྲོང་ཁྱེར་ཁུལ་དུ་ཚོགས་གཏན་འཁེལ་བའི་བོད་ཀྱི་དུས་སྟོན་ལ་མཉམ་ཞུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org