རང་ལུས་མེ་བསྲེཊ་ཐད་སྲིད་སྐྱོང་གིས་གཏམ་བཤད་དང་བསྔོ་སྨོན།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདས་པའི་ཉི་མ་འགའ་ཤས་ནང་བོད་མི་བརྒྱད་ཙམ་གྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གནས་སྟངས་ཐད་གཏམ་བཤད་སྤེལ་འདུག

ཁ་སང་ཕྱི་ཚེས་༡༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་གསུངས་དོན།  བོད་མི་ཚོས་སོ་སོའི་རྩ་ཆེའི་ཚེ་སྲོག་ཐེ་ཚོམ་མེད་པར་བློས་བཏང་བ་དང་། དེ་ཡང་རང་གི་ལུས་ཐོག་སྣུམ་བླུགས་ནས་ཚ་ཟེར་ཆེ་བའི་མེ་ལྕེ་འབར་བཞིན་བོད་མི་ཡོངས་ཀྱི་སེམས་ནང་གི་མངོན་འདོད་རེ་བ་གྲུབ་ཕྱིར་རང་ལུས་བློས་གཏོང་གནང་བཞིན་ཡོད། ཡང་དེང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་སུ་བོད་དོན་སྐོར་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད། ཁ་སང་ནིའུ་ཡོཀ་དུས་བབ་ནང་རྩོམ་ཡིག་ཅིག་བྲིས་འདུག གནད་དོན་གཙོ་བོ་བོད་ནང་རང་ལུས་མེར་སྲེག་བཏང་མཁན་མང་པོ་དེ་འདྲ་ཡོང་གི་ཡོད་ཀྱང་། རྒྱ་རིགས་མཁས་པ་ལྟ་བ་གུ་ཡངས་ཅན་མང་པོ་ཞིག་ཡོད་ཀྱང་། བོད་དོན་ཐོག་གནད་དོན་བཤད་མཁན་ཉུང་ཤས་ཤིག་ལས་མི་འདུག རྒྱ་ནག་གི་མང་གཙོ་རྩོད་མཁན་དེ་ཚོས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། ལྐོག་ཟ་རུལ་སུངས་བཅས་ལ་ནམ་རྒྱུན་ནས་བགྲོ་གླེང་མང་པོ་བྱེད་ཀྱི་ཡོད། འོན་ཀྱང་བོད་དོན་སྐོར་ལ་བགྲོ་གླེང་གནང་གི་མི་འདུག་གལ་ཏེ་གནང་ཡང་ཉུང་ཤས་ལས་མི་འདུག དེ་མི་རིགས་ཀྱི་དབྱེ་འབྱེད་ཡིན་ནམ། རྒྱ་རིགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་རྩོམ་ཡིག་བྲིས་ཐུབ་ཀྱི་ཡོད་པ་ལྟར་བོད་ནང་བོད་མིས་རང་ལུས་བློས་བཏང་ལ་ག་རེ་བྱས་ཏེ་རྒྱ་རིགས་མཁས་དབང་ཚོས་བགྲོ་གླེང་བྱེད་ཀྱི་མེད་དམ། ཞེས་པའི་རྩོམ་ཡིག་ཞིག་བཀོད་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དོན་ཁྱབ་དང་ཁྱབ་བཞིན་ཡོད།

དེ་བཞིན་རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཚོགས་བཞིན་པའི་ཐོག་བོད་མིའི་འགོ་ཁྲིད་ཡིན་ཟེར་བ་འགའ་ཤས་ཀྱི་གསར་འགོད་པ་ཚོར་དུས་རྟག་ཏུ་ནེ་ཙོ་ལྟར་བོད་ལ་བདེ་སྐྱིད་ཡོད་རབས་ཀྱི་སྐད་ཆ་ཡ་མཚན་འགའ་ཤས་སྐྱོར་འདུག མི་སེར་སྤེལ་ཡུལ་དང་མཁྲེགས་འཛིན་གྱི་སྲིད་བྱུས་དེའི་འོག་དེ་དག་མོས་མཐུན་རྩ་བ་ནས་མེད་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སྨོན་ལམ་མུ་མཐུད་ཚོགས་གནང་བཞག།

དེ་བཞིན་རྒྱ་གར་བྱང་ཕྱོགས་སུ་སྦིར་ནང་ཆེན་དང་།  ཅོན་ཏ་ར་ས་གནས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ ཉིན་ ཅོན་ཏ་ར་གཞིས་ཆགས་སུ་སྔ་དྲོ་ཚོུད་ ༩ ནས་ ༡༢ བར་དཔལ་འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་དགོན་ནས་ད་བར་བོད་ཀྱི་བདེན་མཐའ་གསལ་ཆེད་སྐུ་ལུས་མེར་སྲེག་གཏོང་མཁན་གྱི་གཞིས་ལུས་བོད་མི་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་འདུག
ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ཀྱིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དགོས་པའི་གནས་སྟངས་གསལ་བཤད་གནང་མཚམས། དཔལ་བུམ་མང་བྱམས་པ་གླིང་དགོན་པའི་དགེ་འདུན་པ་རྣམས་ནས་བླ་མ་མཆོད་པའི་ཆོ་གའི་ཐོག་ནས་བོད་ནང་གི་རྒྱལ་གཅེས་པ་འདས་གསོན་ཡོངས་ཀྱི་ཆེད་བྱང་ཆོག་དང་སྨོན་ལམ་རྣམ་གསུམ་བཅས་ཀྱི་མཆོད་འབུལ་ཞུས་བཞག།  དེ་བཞིན་ཅོན་ཏ་ར་ཁུལ་དགོན་པའི་དགེ་འདུན་པ་དང་། སྡེ་དགེ། ནང་ཆེན། སྨན་རྩིས་ཁང་བཅས་ཀྱི་སེར་སྐྱ་མི་མང་ནས་སྨོན་ལམ་མཆོད་འབུལ་ནང་མཉམ་ཞུགས་གནང་བ་དང་།   ནང་ཆེན་ཚོགས་པ་ནས་མཆོད་མེ་བརྒྱ་མཆོད་ཕུལ་གནང་འདུག
ཡང་དེ་ཉིན་ཚོུད་ ༢ ནས་ ༥ བར་དཔལ་ཨེ་ཝམ་འགྱུར་མེད་གླིང་དགོན་པ་ནས་གཏེར་ཆེན་མཆོག་གྱུར་གླིང་པའི་ ཟབ་གཏེར་ལས་བྱུང་བའི་ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒོ་ནས་ཚོགས་འཁོར་དང༌། མར་མེ་མཆོད་འབུལ་དང༌། མི་མང་རྣམས་ནས་མ་ཎི་གསོག་སྒྲུབ་སོགས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org