སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་དོན་འགོ་འཛུགས་གནང་།

རྒྱ་ནག་གཞུང་དང་འབྲེལ་མོལ་ཡོང་བར་རེ་སྒུག་བྱས་ནས་བསྡད་ན་འགྲིག་གི་མེད་པར་གནོན་ཤུགས་སྤྲད་དེ་འབྲེལ་མོལ་ཡོང་ཐབས་གནང་རྒྱུ་ཡིན་པ་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གསུངས་སོང་།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། ༣།༢༡།༢༡ RFA/Dhasa

རྒྱ་ནག་གཞུང་དང་འབྲེལ་མོལ་ཡོང་བར་རེ་སྒུག་བྱས་ནས་བསྡད་ན་འགྲིག་གི་མེད་པར་གནོན་ཤུགས་སྤྲད་དེ་འབྲེལ་མོལ་ཡོང་ཐབས་གནང་རྒྱུ་ཡིན་པ་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གསུངས་སོང་།
སྤྱི་ཟླ་༣པའི་ཚེས་༢༡རེས་གཟའ་ཉི་མའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་འགོ་འཛུགས་བྱས་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་གིས། སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་གྲངས་མང་ཤོས་ཐོབ་མཁན་བྱང་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་༢༠༢༡ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཡིན་པ་དངོས་སུ་གསལ་བསྒྲགས་གནང་ཡོད་པ་རེད།
ཉིན་དེའི་ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་ཟློས་གར་ཚོགས་པ་རུ་སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་གྲས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། མི་མང་ལ་རང་ཉིད་ཀྱི་མ་འོངས་བའི་ལས་འཆར་དང་འབྲེལ་བའི་གཏམ་བཤད་དང་གསར་འགོད་གསལ་བསྒྲགས་སྤེལ་སོང་། སྐབས་དེར་ཁོང་གིས། དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་དང་། ད་སྐབས་རྒྱ་ནག་གཞུང་དང་མཉམ་དུ་ཞི་འཇམ་གྱི་ཐོག་ནས་འབྲེལ་མོལ་ཡོང་རྒྱུ་ཁག་པོ་ཆགས་ཡོད་པ་མ་ཟད། རྒྱ་ནག་ལ་བསྟུན་མཁས་བྱེད་རྒྱུ་མང་དྲགས་ན། བོད་མིའི་མངོན་འདོད་སྒྲུབ་རྒྱུ་ཁག་པོ་ཆགས་ཡོད། གལ་ཏེ། འབྱུང་འགྱུར་རང་ཉིད་སྲིད་སྐྱོང་ལ་འོས་འདེམས་བྱུང་བ་ཡིན་ན། རྒྱ་ནག་གཞུང་དང་འབྲེལ་མོལ་ཡོང་བར་རེ་སྒུག་བྱས་ནས་བསྡད་ན་འགྲིག་གི་མེད་པར་གནོད་ཤུགས་སྤྲས་དེ་འབྲེལ་མོལ་ཡོང་ཐབས་གནང་རྒྱུ་ཡིན་པ་གསུངས་གནང་སོང་།
ཡང་སྐབས་དེར་ཁོང་གིས་མི་མང་གི་དྲི་བར་ལན་འདེབས་གནང་བའི་སྐབས། ན་གཞོན་ཞིག་གིས། སྤྱི་ལོ་༢༠༡༦ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་རྙོག་གླེང་རིམ་པར་བྱུང་ཡོད་པར་བརྟེན། ཁྱེད་ཉིད་མ་འོངས་པར་སྲིད་སྐྱོང་ཆགས་པ་ཡིན་ན། བོད་མི་ཚང་མ་མཐུན་སྒྲིལ་གཅིག་སྒྲིལ་ཡོང་བར་ལས་འཆར་གང་ཡོད་ཅེས་དྲིས་བར། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། བོད་མི་ཚང་མ་གཅིག་སྒྲིལ་ཡོང་བར། གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་རྒྱུ་དང་། རྒྱ་ཆེ་མང་ཚོགས་དང་བོད་མིའི་སྒྲིག་འཛུགས་གཉིས་བར་ཐག་ཉེ་རུ་གཏོང་རྒྱུ། དེ་བཞིན་བོད་མི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་པ་ཙམ་དུ་མ་ཟད། སྒྲིག་འཛུགས་ཀྱི་ལས་འཆར་དང་འགྲོ་གྲོན་གང་མང་ཞིག་དེའི་ཕྱོགས་སུ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་དང་། ད་དུང་ཁོང་གིས། རང་ཉིད་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བ་ཡིན་ཚེ། ལས་ཡུན་ལོ་དང་པོའི་ནང་ལག་བསྟར་འཁེལ་ཐབས་བྱ་རྒྱུའི་ལས་འཆར་དོན་ཚན་༡༣ ཡོད་པ་དེའི་ནང་། དོན་ཚན་༦པ་སྟེ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ། ན་གཞོན་གྱི་སྡེ་ཁག་ཅིག་ཟུར་དུ་འཛུགས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་བར་འབྲེལ་ལམ་ཇེ་ལེགས་གཏོང་ཐབས་སུ་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱ་རྒྱུ་ཞེས་འཁོད་འདུག་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་དེ་ཡང་ཐག་ཉེ་རུ་གཏོང་ཐབས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་གྲས་སུ་ཚུད་པ། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། དེ་སྔ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་གནང་མྱོང་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་ལས་ཐོག་སྲིད་སྐྱོང་མཆོག་གི་དམིགས་བསལ་སློབ་སྟོན་པ་གནང་མྱོང་འདུག་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཡང་གནང་མྱོང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org