ཁང་པ་ཆེ་བ་གཙོ་བོར་བཟུང་ནས་དུས་ཐོག་གཏོར་དགོས་ཟེར།
ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་ཆེ་བ་གཙོ་བོར་བཟུང་ནས་དུས་ཐོག་གཏོར་དགོས་བ་བཀའ་བཏང་འདུག
-
2017-04-05 -
-
-
ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་ཆེ་བ་གཙོ་བོར་བཟུང་ནས་དུས་ཐོག་གཏོར་དགོས་བ་བཀའ་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༣༠་ཉིན་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཡེ་ལེ་ཡིས་སྣེ་ཁྲིད་ནས་ཞིང་ཆེན་དང་། ཁུལ། རྫོང་རིམ་པ་བཅས་ཀྱི་རྒྱ་ནག་གི་དཔོན་རིགས་ཁག་གཅིག་གིས་རྒྱ་ཆེར་གཏོར་བཞིན་པའི་གསེར་རྟ་བླ་རུང་སྒར་ལ་རྟོག་ཞིབ་བྱས་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོ་གསེར་རྟ་བླ་རུང་སྒར་ལ་འབྱོར་སྐབས་བདེ་འཇགས་སྲུང་བྱ་དམ་པོ་བྱས་ནས་ཁང་པ་གཏོར་བཞིན་པའི་ཡུལ་དངོས་ལ་རྟོག་ཞིབ་བྱས་ཡོད་པ་དང་། རྟོག་ཞིབ་རྗེས་དགོན་པའི་རྒྱུན་ལས་ཚང་འཛོམས་ཀྱི་ཚོགས་འདུ་བསྐོང་བའི་སར་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཡེ་ལེ་ཡིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་ཚོད་འཛིན་དང་། ཁང་པ་ཇེ་ཉུང་དུ་གཏོང་དགོས་པ་ནི་གོང་རིམ་སྲིད་གཞུང་གི་བཀའ་ཡིན་པས་དེ་ལ་རྒྱབ་འགལ་བྱས་ཚེ་ཁྲིམས་དང་འགལ་བ་ཡིན་ཚུལ་དང་། དགོན་པའི་མཁན་པོ་དང་ལས་བྱེད་ཚོས་ལས་དོན་གང་མགྱོགས་འགྲུབ་ཆེད་མཐུན་འགྱུར་བྱེད་དགོས་པ། དེ་བཞིན་ཁང་པ་གཏོར་དགོས་པ་དེ་ཚོ་ཡང་གྲངས་ཀ་ལོན་ཐབས་ཙམ་མ་ཡིན་པར་ཁང་པ་ཆེ་བའི་རིགས་གཙོ་བོ་བྱས་ནས་གཏོར་དགོས་བ་ལས་ཁང་པ་ཆུང་ཆུང་རིགས་གྲངས་ཀའི་ནང་བརྩི་མི་ཆོག་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་ཁྱོན་བསྡོམས་གྲྭ་བཙུན་མི་གྲངས་ ༤༨༢༨ ཕྱིར་ཕུད་གཏོང་རྒྱུའི་འཆར་གཞི་ཡོད་པ་ནས་མང་ཆེ་བ་ཕྱིར་ཕུད་ཟིན་ཞིང་། ཁང་པ་ཁྱོན་བསྡོམས་ ༤༧༢༥ གཏོར་རྒྱུའི་འཆར་གཞིའི་ཁོངས་ནས་མང་ཆེ་བ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་ཟླ་བ་གཉིས་ཀྱི་ནང་གཏོར་ཟིན་པ་དང་། ལྷག་འཕྲོ་ཁང་པ་གཉིས་སྟོང་མ་ཟིན་ཙམ་ཡོད་པ་སྤྱི་ཟླ་༣་པའི་ཚེས་༢༤་ཉིན་གཏོར་འགོ་ཚུགས་ནས་འདི་ལོའི་ཕྱི་ཟླ་བཞི་བའི་ཟླ་མཇུག་བར་གཏོར་ཟིན་པ་བྱེད་རྒྱུ་ཡིན་འདུག
གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།