ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲིས་ཆེད་གྲྭ་བཞི་བཙོན་ཁང་མདུན་ལས་འགུལ་སྤེལ་བ།
རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་གྲྭ་བཞི་བཙོན་ཁང་གི་མདུན་དུ་ཡོངས་གྲགས་ཀྱི་ཐོག་ནས་ཁོང་གི་སྤུན་མཆེད་ལ་ཐུགས་འཕྲད་ཡོང་བར་འབོད་སྐུལ་བྱས་འདུག་ཀྱང་རྒྱ་གཞུང་གིས་ཡར་ལེན་བྱས་མི་འདུག།
- 2023-01-16
-
-
-
ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་ཟླ་འདིའི་ཚེས་ ༦ ཉིན་ལྷ་སའི་གྲྭ་བཞི་བཙོན་ཁང་གི་མདུན་དུ་ཡོངས་གྲགས་ཀྱི་ཐོག་ནས་ཁོང་གི་སྤུན་ཆུང་དང་ཐུགས་འཕྲད་ཡོང་ཆེད་རྒྱ་གཞུང་ལ་ཡིག་ཐོག་ནས་ཞུ་སྐུལ་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་དུ་བརྒྱུད་བསྐུར་བྱས་པའི་ནང་ཁོང་གི་སྤུན་ཆུང་རྡོ་རྗེ་བཀྲ་ཤིས་བཙོན་དུ་ནད་གཞི་ལྗིད་མོ་ཕོག་ཡོད་པ་གསལ་སྟོན་དང་སྦྲགས་ནད་གཞི་དེ་གང་འདྲ་བྱས་སྨན་བཅོས་བྱ་དགོས་ལུགས་སྐོར་བཙོན་ཁང་ལ་རེ་བ་བཏོན་ཡང་བཙོན་ཁང་གི་མི་སྣས་ངོས་ལེན་བྱེད་ཀྱི་མེད་སྟབས་ཁྲིམས་སྒྲིག་ལྟར་ཚང་མར་འདྲ་མཉམ་ཡོང་བར་རྒྱ་ནག་གི་ཆེས་མཐོའི་དབུ་འཁྲིད་ལ་རེ་བསྐུལ་ཞུས་ཡོད་འདུག དེའི་སྐོར་ལ་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་བརྙན་ཐུང་དེའི་ནང་རྒྱ་སྐད་ཐོག་འདི་ལྟར་གསུང་འདུག དེ་རིང་ནི་༢༠༢༣ ལོའི་ཕྱི་ཟླ་དང་པོའི་ཚེས་༦ཉིན་རེད།་གུས་པ་སླར་ཡང་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཞི་བཙོན་ཁང་དུ་བཙོན་ཁང་གི་འབྲེལ་ཡོད་ལ་ང་རང་གི་གཅུང་པོ་རྡོ་རྗེ་བཀྲིས་ལ་ཐུག་འཕྲད་ཡོང་བར་ཞུ་ཡིག་འབུལ་དུ་ཡོང་བ་ཡིན། རྒྱུ་མཚན་ནི་ང་རང་གི་གཅུང་པོའི་ནད་གཞིར་དུས་ཐོག་སྨན་བཅོས་བྱུང་མེད་པའི་དབང་གིས་ཁོང་གི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་ཡོད་པས་བོད་རང་སྐྱོང་ལྗོངས་གྲྭ་བཞི་བཙོན་ཁང་གིས་གང་མགྱོགས་ངའི་གཅུན་པོའི་ན་ཚར་སྨན་བཅོས་མཐུན་རྐྱེན་སྤྲོད་རོགས་ཞུ་བ་དང་།དེ་བཞིན་ཁྱིམ་མི་ཚོར་རྡོ་རྗོ་བཀྲིས་དང་ཐུག་འཕྲད་ཡོང་བའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུ་བར་ཡོང་བ་ཡིན་ཞེས་དང་། ཁོང་གིས་ད་དུང་ང་ཚོས་བསམ་པར་འབྲེལ་ཡོད་གྲྭ་བཞི་བཙོན་ཁང་གི་དོ་དམ་ཚན་པའི་ངོས་ནས་རྡོ་རྗེ་བཀྲིས་ཁྱིམ་མི་ཚོར་ཁོང་གི་ནད་གཞིའི་གནས་སྟངས་གསལ་པོར་ཤེས་མ་བཅུག་པ་དེ་ནི།རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་དང་འགལ་གྱི་ཡོད་པ་།ང་ཚོར་ཡོད་དགོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་རྩིས་མེད་བཏང་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ།བཙོན་ཁང་གི་ཕྱོགས་ནས་ནད་གཞིར་སྨན་བཅོས་བྱ་ཐབས་སྐོར་ཁྱིམ་མིར་གསལ་བཤད་དང་གོ་བསྡུར་མ་བྱས་པར་ངའི་གཅུང་པོ་རྡོ་རྗེ་བཀྲིས་ཀྱི་གཟུགས་པོའི་གནས་སྟངས་མུ་མཐུད་ནས་ཇེ་སྡུག་ཏུ་སོང་བ་ཡིན་ན། དེའི་འགན་ཚང་མ་བོད་རང་སྐྱོང་ལྗོངས་གྲ་བཞི་བཙོན་ཁང་ནས་འཁུར་དགོས་ཡོད་ཅེས་བརྗོད་འདུག གཞན་ཡང་ན་ནིང་ཕྱི་ཟླ་༩ པའི་ནང་། རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཡོངས་ཁྱབ་འབོད་སྐུལ་གྱི་ཞུ་ཡིག་ཅིག་ཁྱབ་སྤེལ་བྱས་པའི་ནང་། ཁོང་གི་སྤུན་ཆུང་རྡོ་རྗེ་བཀྲིས་ས་གནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་དགོས་མཁོའི་དམིགས་ཡུལ་གྱི་ཐོག་ནས་ཉེས་མེད་ཉེས་འཛུགས་བྱས་ལུགས་སྐོར་བརྗོད་ཡོད་པ་མ་ཟད་།རྡོ་རྗེ་བཀྲིས་ལགས་ཀྱི་གཅུང་མོ་མགོན་ཏེ་ལགས་ཀྱིས་ཀྱང་ན་ནིང་གི་ཕྱི་ཟླ་༦ནང་ལྷ་སའི་རྒྱ་ནག་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་བའི་ཞུ་སྐུལ་གྱི་ལས་འགུལ་སྤེལ་ནས་ཁོ་མོའི་སྤུན་མཆེད་ལ་དྲང་བདེན་གྱི་ཐག་གཅོད་གནང་དགོས་པའི་ཞུ་གཏུག་གནང་ཡོད་པ་བཞིན་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་Sophie Richardsonལགས་ཀྱིས། རྡོ་རྗེ་བཀྲ་ཤིས་གཙོས་རྒྱ་གཞུང་གིས་གནས་ལུགས་མེད་པར་བོད་མི་བཙོན་འཇུག་བྱས་པ་ཧ་ཅང་མང་པོ་ཡོད་པ་རྣམས་དྲང་བདེན་གྱི་སྒོ་ནས་ཁྲིམས་ཐག་གཅོད་རྒྱུར་ཐོབ་ཐང་སྤྲོད་ཀྱི་མེད་པ་དེ་ནི་རྒྱ་ནག་གི་བཅའ་ཁྲིམས་ཀྱི་སྐྱོན་ཆ་ཆེ་ཤོས་དེ་ཡིན་པ་བརྗོད་འདུག རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་པ་དང་། ཁོང་ནི་དེ་སྔོན་ལྷ་ས་གྲོང་ཁྱེར་གྱི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང། ༢༠༠༣ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་བོད་ཁུལ་བོད་རིགས་ཕྱུག་བདག་ཆེ་ཤོས་ཞིག་དང་ཁོང་གི་མིང་སྦྱང་འོག་ཚོང་དོན་ཁེ་ལས་༡༠གྲངས་ལྷག་ཡོད་འདུག་ལ་བར་སྐབས་ཞིག་རྒྱ་ནག་གཞུང་ནས་ཁོང་བོད་ཁུལ་འཇོན་ཐང་ཅན་གྱི་གཞོན་སྐྱེས་བཅུའི་གྲས་སུ་ངོས་འཛིན་གསལ་བསྒྲགས་ཡང་བྱས་ཡོད་པ་རེད། ༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་ཀྱི་དོག་གཞིའི་འོག་དོ་དམ་འཛིན་བཟུང་བྱས་ཡོད་པ་རེད། ༢༠༡༠ལོའི་ཕྱི་ཟླ་༦ པའི་ཚེས་༢༦ཉིན་ལྷ་ས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་གསང་བའི་ཁྲིམས་བཤེར་བྱས་པའི་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ལ་དངུལ་བུན་སྔ་གཡར་དང་འབྲེལ་བའི་ངན་བྱུས་བཤམ་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་བཅད་ནས་ཁྲིམས་ཆད་འཁུར་བཞིན་ཡོད་པའི་སྒང་རེད་འདུག གནས་ཚུལ་ལྟར་ན་བཙོན་ཁང་ནང་རྒྱུན་རིང་མནར་གཅོད་དང་ཉེས་རྡུང་གི་རྐྱེན་པས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ལུས་པོར་སྨུག་ཐིགས་དང་ཁོང་ལ་སྙིང་ནད་དང་དེ་མིན་ཚབས་ཆེའི་ནད་གཞི་གཞན་ཡོད་པའི་རྐྱེན་གྱིས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པ་གསལ་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།