ཞོགས་ལྗང་གིས་ཁྲིམས་ཆད་དང་ནག་ཉེས་ངོས་ལེན་གནང་མི་འདུག

རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་གིས་རྩོམ་པ་པོ་ཞོགས་ལྗང་ལ་ནག་ཉེས་ཁྲིམས་ཆད་བསྒྲགས་པ་ཁོང་གིས་ངོས་ལེན་གནང་མི་འདུག།

ཞོགས་ལྗང་དང་ནུབ་བྱང་མི་རིགས་སློབ་ཆེན་ནང་ལས་འགུལ་སྐབས། ༢༠༠༨ བོད་འབྱོར།

རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་གིས་རྩོམ་པ་པོ་ཞོགས་ལྗང་ལ་ནག་ཉེས་ཁྲིམས་ཆད་བསྒྲགས་པ་ཁོང་གིས་ངོས་ལེན་གནང་མི་འདུག།
དེ་ཡང་སྤྱི་ལོ་༢༠༡༦ལོའི་ཟླ་༢བའི་ཚེས་༡༧ཉིན། རྒྱ་ནག་གི་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་ཚོགས་སར། བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ལ་མི་རིགས་ཁ་བྲལ་དང་། ཁ་བྲལ་བར་ལྐོག་འབྲེལ་བྱས་པ། སྤྱི་ཚོགས་བརྟན་ལྷིངས་ལ་གནོད་པའི་རྩོམ་ཡིག་སྤེལ་བ་སོགས་ཀྱི་ཉེས་བཙུགས་བྱས་སྟེ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བསྒྲགས་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་འབྱོར་བ་ལྟར་རྒྱང་སྲིང་བྱས་ཟིན་པ་རེད།
དེའི་ཐད་འདི་ཚེས༢༢ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། ཞོགས་ལྗང་ལགས་སུ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བསྒྲགས་པ་དེ་ཁྲིམས་ལུགས་དང་མཐུནཔའི་ཁྲིམས་གཅོད་ཞིག་མིན་པ་དང། འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིག་གི་ཁྲིམས་དཔོན་ཞིག་ནས་རང་མཚམས་ཀྱི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་བཀོད་འདུག
དེ་དང་ཕྱོགས་མཚུངས་ཁྲིམས་ཁང་གི་ཁྲིམས་ར་ཚོགས་སར་ཞོགས་ལྗང་ལགས་སུ་ཉི་མ་བཅུའི་ནང་ཚུད་ནག་ཉེས་ངོས་ལེན་གྱི་ཡིག་ཆའི་ཐོག་མིང་རྟགས་བཀོད་དགོས་པའི་བཀའ་ཁྱབ་བཏང་ཡོད་ནཡང་། རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་ཁོང་གི་ཐོག་བཙུགས་པའི་ནག་ཉེས་ལ་ངོས་ལེན་གནང་མེད་པ་དང། ཁྲིམས་ཁང་ལ་བསྐྱར་དུ་ཞུ་གཏུགས་གནང་རྩིས་ཡོད་སྐོར་གསུངས་པ་གནས་ཚུལ་སྤེལ་འདུག
རྩོམ་པ་པོ་ཞོགས་ལྗང་ལགས་སྔ་ལོ་༢༠༡༥ལོའི་སྤྱི་ཟླ་༣་པའི་ཚེས་༡༩ཉིན་རྒྱ་ནག་གཞུང་གིས་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཞོགས་ལྗང་འཇུ་བཟུང་རྗེས་ཁོང་རྨ་ལྷོ་རེབ་གོང་ཕྱོགས་སུ་བཀག་ཉར་བྱས་བསྡད་ཡོད་པའི་གོ་ཐོས་ཙམ་ལས་ད་བར་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་མ་བྱུང་ཡང་། ཟླ་འདིའི་ཕྱི་ཚེས་༡༥ཉིན་རེབ་གོང་ཐུན་རིན་ཁྲིམས་ཁང་གིས་ཞོགས་ལྗང་གི་ནང་མིར་བརྡ་ལན་བཏང་ནས་ཚེས་༡༧ཉིན་ཁྲིམས་ར་ཚོགས་རྒྱུ་ཡིན་སྐོར་བརྗོད་འདུག།
བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཁོ་རང་འཛིན་བཟུང་མ་བྱས་སྔོན་གྱི་༢༠༡༥ལོའི་ཟླ་༣པའི་ཚེས་༡༦ཉིན་རེབ་གོང་ཕྱོགས་སུ་རྒྱ་ནག་གི་དམག་མི་མང་པོས་མེ་མདའ་བཟུང་ནས་ས་གནས་སུ་དམ་དྲག་བྱེད་བཞིན་པའི་སྐོར་ལ་ཟིན་བྲིས་སྤེལ་ཡོད་པ་རེད། དེ་ནས་ཚེས་༡༨ཉིན་མཚོ་བྱང་རྐང་ཚའི་ཉམས་ཆུང་སློབ་མའི་སྐོར་ལ་ཟིན་བྲིས་ཞིག་ཀྱང་སྤེལ་ཡོད་པ་རེད།
དེ་སྔོན་སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༤བའི་ཚེས༦ཉིན་བོད་ཀྱི་ན་གཞོན་རྩོམ་པ་པོ་ཐེའུ་རང་དང་། ཞོགས་ལྗང་གཉིས་རྒྱ་ནག་གཞུང་གིས་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ནུབ་བྱང་སློབ་ ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་གསར་བརྗེའི་སྣེ་ཁྲིད་པ་དང༌། ཕྱི་སྡོད་བོད་ཀྱི་ཤེས་ཡོན་ཅན་དང་འབྲེལ་བ་ཡོད་པ། བོད་ནང་དུ་མི་རིགས་ཁ་བྲལ་གྱི་ངན་སྐུལ་བྱེད་བཞིན་ཡོད་པ་སོགས་ཀྱི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་མྱོང་བ་རེད། བོད་ཕྱི་ནང་གཉིས་སུ་ཁོང་དང་ཁོང་གི་རྩོམ་ཡིག་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་རེད། ད་ལྟ་རང་ལོ་༣༠ཙམ་ཡིན་པའི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ནི་ཁོང་གི་སྨྱུག་མིང་ཡིན་ཞིང་། མིང་ངོ་མར་འབྲུག་ལོ་ཞུ་གི་ཡོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org