ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུག
ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
- 2024-10-25
-
-
-
Your browser doesn’t support HTML5 audio
ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་ཟླ་འདིའི་ཚེས་ ༢༣ ཉིན་ཨ་རིའི་ Philadelphia ས་གནས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་ཡོད་པ་དང་། འདི་ཚེས་ ༢༥ ཉིན། ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཆེད་སྲི་ཞུ་གང་ལེགས་བསྒྲུབས་པར་རྗེས་སུ་ཡིད་རང་དང་རྗེས་དྲན་ཞུ་ཕྱིར་དང་། ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་མྱུར་ཐོབ་པའི་གསོལ་འདེབས་སྨོན་ལམ་ཞུ་ཆེད། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ནས་སྨོན་ལམ་གསུང་འདོན་གནང་སོང་།
ཞེ་བོ་བློ་བཟང་དར་རྒྱས་ལགས་ནི་ ༡༩༣༢ ཟླ་ ༧ ཚེས་ ༦ ཉིན་གཞིས་རྩེ་རྫོང་ཤངས་རྣམ་གླིང་དུ་འཁྲུངས་ཤིང་། དགུང་ལོ་ཆུང་དུས་ལྷ་ས་ཉ་རོང་ཤར་སློབ་གྲྭ་རུ་སྔར་སྲོལ་བོད་ཡིག་སློབ་སྟངས་ཀྱིས་སྙན་སུམ་སོགས་རིག་གནས་ལ་སློབ་གཉེར་གནང༌། དགུང་ལོ་ཉི་ཤུར་ཕེབས་སྐབས་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༥༣ ལོར་ཤངས་རྒྱ་མཚོའི་གཞིས་སྡོད་དང༌། ༡༩༥༤ ལོར་ལྷུན་རྩེ་རྫོང་སྡོད། ༡༩༥༦ ལོར་ལྷོ་ཁ་སྤྱི་ཁྱབ་རིམ་པའི་དོན་གཅོད་ཁང་གི་ཞིང་འབྲོག་ཚན་པའི་འགན་འཛིན་གཞོན་པ། ༡༩༥༨ ལོར་གྱོད་ཞིབ་ལས་ཁུངས་ཀྱི་ལས་བྱེད་བཅས་ཀྱི་མཛད་ཁུར་རིམ་པར་བཞེས་པ་དང་། ༡༩༥༩ ལོར་རྒྱ་དམར་གྱིས་འཛིན་བཟུང་ཐོག་ཀན་སུའུ་ཅིའུ་ཆོན་དང་ལྷ་ས་གྲ་བཞི་སོགས་སུ་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས། ༡༩༧༤ ལོར་བཙོན་གྲོལ་རྗེས་ལས་མིའི་རུ་ཁག་ཟེར་བའི་གྲས་སུ་བཅུག ༡༩༧༨ ལོར་རྒྱ་ནག་ཞན་ཡང་མི་རིགས་སློབ་གྲྭའི་དགེ་རྒན་གནང༌བ་དང་། ༡༩༨༢ ལོར་ལས་བསྒྱུར་གྱིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༥ ལོར་རྒྱ་གར་ལ་གཉེན་འཕྲད་དུ་ཕེབས་ཏེ་སླར་ཡང་གཞུང་ཞབས་སུ་འཛུལ་ཞུགས་ཀྱིས། ཐོག་མར་བཀའ་དྲུང་ཡིག་ཚང་དུ་ཕྱག་ལས་གནང༌བ་དང་། ༡༩༨༦ ལོར་དྲིལ་བསྒྲགས་བཀའ་བློན་ཕྱག་རོགས་ལ་བསྐོ་གཞག་དང་། ༡༩༨༩ ལོར་བཀའ་བློན་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་བཞེས་ཤིང་། ༡༩༩༩ ལོའི་ཟླ་ ༢ ཚེས་ ༡༧ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།