རྒྱ་གར་གྱི་དམག་མིའི་དཔའ་རྟགས་རིམ་པ་གསུམ་པ་ Shaurya Chakra བཞེས་མྱོང་མཁན་ཟླ་བ་ལགས་ཀྱིས། རང་གི་མི་ཚེའི་ལོ་རྒྱུས་མཐོང་ཐོས་མྱོང་གསུམ་ཞེས་པ་ཞིག་འགྲེམས་སྤེལ་གནང་བ།

རྒྱ་གར་གྱི་དྭང་སློབ་དམག་སྒར་ནང་ཆབ་སྲིད་འགོ་ཁྲིད་ (Political Leader) དང་དམག་དཔོན་གནང་མྱོང་བ་རྒྱ་གར་གྱི་དམག་གི་དཔའ་བོའི་གཟེངས་རྟགས་རིམ་པ་གསུམ་པ་ཤོརྱ་ཅཀ་ར་ (Shaurya Chakra) བཞེས་མྱོང་མཁན་ཟླ་བ་ཤོརྱ་ཅཀ་ར་ལགས་ཀྱིས་རང་གི་མི་ཚེའི་ལོ་རྒྱུས་མཐོང་ཐོས་མྱོང་གསུམ་ཞེས་ཕྱག་དེབ་བྲིས་པ་དེ་དབུ་འབྱེད་གནང་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་མཇལ་བཅར་གྱི་པར་ཕུད་ཕུལ་པའི་སྐབས། OHHDL

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་གནང་བ་བརྒྱུད། རྒྱ་གར་གྱི་དྭང་སློབ་དམག་སྒར་ནང་ཆབ་སྲིད་འགོ་ཁྲིད་ (Political Leader) དང་དམག་དཔོན་སོགས་གནང་མྱོང་བ་དང་། ལྷག་པར་རྒྱ་གར་གྱི་དམག་མིའི་ཞི་བདེའི་དུས་སྐབས་ཀྱི་བློས་གཏོང་སྙིང་སྟོབས་མཚོན་པའི་དཔའ་བོའི་གཟེངས་རྟགས་རིམ་པ་གསུམ་པ་ཤོརྱ་ཅཀ་ར་ (Shaurya Chakra) བཞེས་མྱོང་མཁན། བོད་མི་བགྲེས་སོང་ཟླ་བ་ལགས་ཀྱིས་རང་གི་མི་ཚེའི་ལོ་རྒྱུས་མཐོང་ཐོས་མྱོང་གསུམ་ཞེས་པ་བྲིས་ཏེ་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༨ ཉིན་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་འགྲེམས་སྤེལ་གནང་ཡོད་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཕེབས་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་སྒྲོལ་མ་ཚེ་རིང་ལགས་ནས། བོད་མི་ཤ་སྟག་ལས་གྲུབ་པའི་རྒྱ་གར་གྱི་མཐའ་སྲུང་དྭང་སློབ་དམག་སྒར་གྱི་བོད་དམག་ཚོས་བྱས་རྗེས་དཔའ་རྟགས་བཞག་པར་ཆེ་མཐོང་བསྔགས་བརྗོད་དང་འབྲེལ། བོད་མི་ཚོས་སོ་སོ་རང་གི་མི་ཐོག་དེའི་སྤོ་བོ་རྨོ་མོ་སོགས་ཕ་རྒྱུད་མ་རྒྱུད་རྣམ་པར་དཀའ་ངལ་འཕྲད་པ་རྣམས་རང་གི་མི་ཐོག་དེའི་ཡིག་ཐོག་ཏུ་བཞག་ཐུབ་ན། མི་རིགས་ཀྱི་ལ་རྒྱ་དང་བོད་མི་རིགས་ཀྱི་ཞེན་ཁོག་གམ་ན་ཟུག་བཅས་བསུབ་ཐབས་མེད་པར་སྡོད་ངེས་རེད་ཅེས། ཟླ་བ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ལ་གདེང་འཇོག་གནང་གི་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་མཇལ་བཅར་གྱི་པར་ཕུད་ཕུལ་པའི་སྐབས།

བོད་རིགས་དམག་དཔོན་ཟླ་བ་ལགས་ཀྱིས་ཁོང་གི་མི་ཚེའི་ལོ་རྒྱུས་དེའི་ནང་དྭང་སློབ་འདས་གསོན་གཉིས་ཀྱིས་ཁྲག་དང་རྔུལ་ཆུས་དཀའ་ལས་བརྒྱབས་ཏེ། ཕ་ཡུལ་གཉིས་པ་རྒྱ་གར་གཞུང་དམངས་གཉིས་ཀྱི་ས་ཡུལ་སྲུང་སྐྱོབ་ཀྱི་ཆེད་དམག་འཁྲུག་རིམ་པར་བྱས་པ་རྣམས་ནག་གསུབ་མི་འགྲོ་བའི་དོན་དུ་མི་ཚེའི་ལོ་རྒྱུས་དེའི་ནང་ཞིབ་ཏུ་བྲིས་ཡོད་པས། དྭང་སློབ་དམག་ཞབས་ཚོས་དམག་དཔུང་ནང་ཞབས་འདེགས་ཇི་ཞུས་དང་བོད་པའི་སྐྱིད་སྡུག་དོན་དུ་ཞབས་ཞུ་གང་སྒྲུབ་པ་གསལ་བོ་ཤེས་ཐུབ་པ་ངོ་སྤྲོད་གནང་གི་འདུག

དཔེ་དེབ་དབུ་འབྱེད་སྐབས། ༢༠༢༤།༡༢།༢༨ ཉིན།

དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་གཙོ་བོ་མི་ཚེ་གཅིག་གི་རིང་བསམ་རྒྱུ་༧སྐྱབས་མགོན་རིན་པོ་ཆེ་དང་དྲན་རྒྱུ་བོད་སྤྱི་དོན་མ་གཏོགས་མེད་པའི་ཕྱག་ལས་གནང་མཁན་ཚོར། མདོ་སྟོད་སྨད་སོགས་སུའི་མི་ཡིན་ནའང་ང་ཚོ་ཚང་མས་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི་ང་ཚོའི་ལས་འགན་རེད་ཅེས་གསལ་སྟོན་གནང་གི་འདུག

དྭང་སློབ་དམག་སྒར་གྱི་ཆབ་སྲིད་འགོ་ཁྲིད་དང་དམག་དཔོན་ཟླ་བ་ལགས་ནི། བོད་དབུས་གཙང་ལྷོ་ཁ་ས་གནས་སུ་སྐྱེས་ཏེ་སྤྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཡོང་མཁན་ཐོག་མའི་གྲས་དང་། རྒྱ་གར་ནང་ཐོག་མར་ཌ་ལ་ཧོ་སི་བཟོ་གྲྭའི་འགན་འཛིན་དང་དྭང་སློབ་དམག་སྒར་ནང་ལོ་ ༣༠ ལྷག་རིང་ཞབས་ཞུ་སྒྲུབ་མྱོང་བ་ཞིག་ཡིན་པ་མ་ཟད།  དམག་ཞབས་ནས་བགྲེས་ཡོལ་ཕེབས་ཟིན་རྗེས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཡང་གནང་ཡོད་པ་རེད།།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org