སེར་སྨད་གྲྭ་ཚང་དུ་ཤར་པ་ཆོས་རྗེ་རྒྱུད་སྟོད་མཁན་ཟུར་ངག་དབང་འབྱོར་ལྡན་མཆོག་གི་ཁྲི་སྟོན་མཛད་སྒོ་འཚོགས་པ།
སེར་སྨད་གྲྭ་ཚང་དུ་ཤར་པ་ཆོས་རྗེ་རྒྱུད་སྟོད་མཁན་ཟུར་ངག་དབང་འབྱོར་ལྡན་མཆོག་གི་ཁྲི་སྟོན་མཛད་སྒོ་འཚོགས་པ།
- 2025-01-16
-
-
-
ཟླ་བ་འདིའི་ཚེས་ ༡༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འདུས་སྤྱི་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། མཚུངས་མེད་ཤར་པ་ཆོས་རྗེ་རྒྱུད་སྟོད་མཁན་ཟུར་དགེ་བཤེས་ངག་དབང་འབྱོར་ལྡན་མཆོག་གི་ཁྲི་འདོན་མངའ་གསོལ་མཛད་སྒོའི་ཐོག་རིན་པོ་ཆེ་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་གནས་བརྟན་བགྲེས་སོང་རྣམ་པས་སྐུ་ལས་བསྐྱོན་པའི་བཀྲིན་ལ་བརྟེན་ནས། གདན་ས་གྲྭ་ཚང་ཁག་གི་གནས་སྟངས་འདི་ལྟ་བུར་གྱུར་ཡོད་སྐོར་གསལ་སྟོན་གནང་བ་དང་སྦྲགས། ལྷག་པར་ཁོང་ཡང་མཛད་གནས་འདི་ལྟ་བུའི་ནང་ཞུགས་ཐུབ་པ་ནི་༸གོང་ས་མཆོག་དང་གནས་བརྟན་བགྲེས་པ་ཚོའི་བཀྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། གདན་ས་གྲྭ་ཚང་ཁག་གི་ལས་སྣེ་རྣམ་པས་བསྟན་འགྲོ་སྤྱིའི་བདེ་ཐབས་ཀྱི་ཆེད་ཐུགས་འགན་ལྷག་པར་བཞེས་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་གནང་སོང་།
རྩ་བའི་སྔ་ལོའི་ཟླ་བ་ ༡༡ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་མཚུངས་མེད་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་བསྐོ་བཞག་བཀའ་ཡིག་བསྩལ་དོན་བཞིན་གསེར་ཁྲི་མངའ་གསོལ་ཞུས་པའི་རྗེས་སུ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཟུར་སྐུ་བགྲེས་པ་དང་སེར་སྨད་མཁན་ཟུར་དགེ་བཤེས་ངག་དབང་འབྱོར་ལྡན་མཆོག་ལ་ཤར་པ་ཆོས་རྗེའི་ཕྱག་རྟགས་བཀའ་ཡིག་ཕེབས་དོན་བཞིན་གདན་ས་ཆེན་པོ་དགའ་ལྡན་དུ་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་འཚོགས་ཡོད་ཅིང་། དེ་རྗེས་འདི་ཚེས་ ༡༦ ཉིན་སྦེལ་ཀོབ་སེ་ར་བླ་སྤྱི་དང་། སེ་ར་སྨད་གྲྭ་ཚང་། སེ་ར་བྱེས་གྲྭ་ཚང་། སེར་སྨད་སྤོབས་འབོར་ཁམས་ཚན། ཀོང་པོ་ཁམས་ཚན། དམའ་སྨྱུག་ཁམས་ཚན། དེ་བཞིན་རིམ་པས་གཟིམས་ཤག་བླ་བྲང་དུ་མཛད་སྒོ་མདོར་བསྡུས་ཤིག་རིམ་པས་འཚོགས་གནང་གི་ཡོད་པ་སོགས་ཀྱི་སྐོར། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་དེ་གོ་སྒྲིག་གནང་མཁན་སེར་སྨད་དགེ་བཤེས་བློ་བཟར་དར་རྒྱས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
མ་ཟད་ཁོང་གིས། རི་བོ་དགེ་ལུགས་པའི་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་མཆོག་གི་རྒྱལ་ཚབ་དེ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཡིན་པ་དང་། རྗེ་རིན་པོ་ཆེ་སྲས་ཀྱི་ཐུ་བོ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་རྣམ་གཉིས་ཀྱི་སྐུ་ཚབ་དེ་ཤར་བྱང་ཆོས་རྗེ་རྣམ་པ་ཡིན་པ་གསུངས་བྱུང་།
གཞི་རྩའི་མཚུངས་མེད་ཤར་པ་ཆོས་རྗེ་རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་ནི། བོད་གཙང་དབང་ལྡན་དུ་སྐུ་འཁྲུངས་ཤིང་། བོད་ནང་དུས་འགྱུར་བྱུང་རྗེས་ཡབ་ཡུམ་དང་ལྷན་དུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་རིམ་པས་སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས། བཙན་བྱོལ་ནང་སློབ་གཉེར་མཐར་ཕྱིན་པའི་མཁན་པོའི་ཁྲི་ཐོག་ཕེབས་མཁན་ཐོག་མའི་གྲས་ཤིག་ཡིན་པ་རེད་འདུག་ལ། ད་ལྟའི་ཆར་རིན་པོ་ཆེ་མཆོག་དགུང་ལོ་ ༦༩ ལ་ཕེབས་ཡོད། །
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།