བཙུན་མ་༢༦བྱ་མདའ་དགོན་པ་ནས་ཕྱིར་འབུད།

རྒྱ་ནག་གིས་འབྲི་རུ་རྫོང་བན་དཀར་ཡུལ་ཚོའི་བྱ་མདའ་དགོན་པ་ནས་བཙུན་མ་༢༦ཙམ་ཕྱིར་འབུད་བཏང་ཡོད་འདུག

བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་ བོད་འབྱོར།

རྒྱ་ནག་གིས་འབྲི་རུ་རྫོང་བན་དཀར་ཡུལ་ཚོའི་བྱ་མདའ་དགོན་པ་ནས་བཙུན་མ་༢༦ཙམ་ཕྱིར་འབུད་བཏང་ཡོད་འདུག
དེ་ཡང་ད་ལོ་ཕྱི་ཟླ་༩ནས་བཟུང་ལས་དོན་རུ་ཁག་མང་པོ་ཞིག་བྱ་མདའ་དགོན་པར་ཡོང་ནས་༧གོང་ས་མཆོག་ལ་མཚན་སྨད་བྱེད་དགོས་པའི་བཙན་བཀའ་བཏང་ཡང་། བཙུན་མ་དེ་དག་གིས་ཁ་གཅིག་གྲགས་ངང་ཁས་ལེན་མ་བྱས་པས་བཅའ་སྡོད་ལས་བྱེད་པ་དེ་ཚོས་ཞིབ་བཤེར་བྱས་ནས་ཐོ་དེབ་ནང་མ་འཁོད་པའི་དགོན་པ་དེའི་བཙུན་མ་༢༦ཙམ་ཕྱིར་འབུད་བཏང་འདུག དེར་བརྟེན་དགོན་དེའི་བཙུན་མ་ཁག་གཅིག་ཆགས་ས་བརྟེན་ས་མེད་པའི་གནས་སྟངས་སུ་གྱུར་ནས་ངུ་བཞིན་ཡོད་པ་རེད། བྱ་མདའ་དགོན་པ་ནི་བོད་ས་མ་ཤོར་གོང་ཁམས་རྒྱལ་སྟོན་རྫོང་གི་ཁོངས་གཏོགས་ཡིན་འདུག་ལ་ད་ལྟ་འབྲི་རུ་རྫོང་ཁོངས་སུ་ཡོད་པ་དང་། རྒྱ་གཞུང་གི་ཆོག་མཆན་ཡོད་པའི་བཙུན་མ་༡༤༠ཡོད་པ་རེད། དེ་བཞིན་དགོན་དེར་ཆོག་མཆན་མ་རག་པའི་བཙུན་མ་མང་པོས་སློབ་གཉེར་གནང་གི་ཡོད་པ་དང་། རྒྱུན་དུ་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་ཡོང་སྐབས་ཐོ་དེབ་ནང་མ་འཁོད་པའི་བཙུན་མ་དེ་དག་རི་མགོ་སོགས་ལ་གབ་གཡོལ་དུ་འགྲོ་དགོས་ཀྱི་ཡོད་པ་རེད། བྱ་མདའ་དགོན་པ་ནི་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་བཙུན་མའི་དགོན་སྡེ་ཞིག་ཡིན་པ་དང་། འཛིན་རིམ་དགུ་པ་བར་དུ་སློབ་སྦྱོང་བྱེད་ཆོག་གི་ཡོད་པ་རེད། རྒྱུན་དུ་བན་དཀར་ཡུལ་ཚོའི་བཙུན་མ་དང་། ཉེ་འཁོར་གྱི་རྒྱལ་སྟོན། ཁྲི་རྡོ། ནགས་ཤོད། སོག་རྫོང་བཅས་ཀྱི་བཙུན་མ་མང་པོ་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གང་ས་ནས་བཙུན་མ་མང་པོ་སློབ་གཉེར་གནང་བར་ཕེབས་ཡོད་པ་རེད། བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་ནི་ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་སྲས་དྲུང་ཆེན་བསོད་ནམས་དོན་གྲུབ་ཀྱིས་༡༤༨༨ལོར་ཕྱག་བཏབ་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org