གྲོས་མཐུན་དོན་ཚན་བཅུ་བདུན་ནི་ཁྲིམས་མཐུན་མ་ཡིན་པ་དང་བཙན་དབང་འོག་བཞག་པ་བོད་མིའི་སྒྲིག་འཛུགས་ཀྱིས་ནན་བརྗོད་གནང་སོང་།
ཆིངས་ཡིག་གྲོས་མཐུན་དོན་ཚན་བཅུ་བདུན་ནི་ཁྲིམས་མཐུན་མ་ཡིན་པ་དང་བཙན་དབང་གི་འོག་ནས་བཞག་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
- 2023-05-24
-
-
-
རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་དང་ཆབས་ཅིག་ཏུ་བོད་གཞུང་དེ་བཞིན་བཙན་དབང་གིས་རྒྱ་ནག་དབུས་གཞུང་གི་མངའ་ཁོངས་ཀྱི་ས་གནས་གཞུང་ཞིག་ཏུ་བརྩིས་ཏེ། སྤྱི་ལོ་༡༩༥༡ལོའི་ཟླ་༥བའི་ཚེས་༢༣ཉིན་བོད་གཞུང་དང་རྒྱ་ནག་གཞུང་གི་ངོ་ཚབ་བར། རྒྱ་ནག་གཞུང་གི་དྲིལ་བསྒྲགས་འབོད་ཚིག་ཏུ་བོད་ཞི་བས་བཅིངས་གྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་པེ་ཅིང་དུ་བཞག་སྟེ། འདི་ཚེས་༢༣ཉིན་ལོ་ངོ་ཧྲིལ་བོ་༧༢འཁོར་བའི་སྐབས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་བསྐྱར་ནན་གྱི་སྒོ་ནས་ཡིག་ཆ་དེ་ནི་ཁྲིམས་དང་མི་མཐུན་པ་དང་བཙན་ཤེད་ཀྱི་འོག་བཞག་པ་ཞིག་རེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀར་འགན་འཁྲི་ཡོད་པ་དང་། མཉམ་རུབ་ཀྱིས་དཀའ་ངལ་སེལ་བའི་ཐབས་ལམ་ཡག་ཤོས་ནི་གྲོས་མོལ་གྱི་ལམ་ཁ་ལ་བསྟེན་དགོས་པར་བརྟེན། གཉིས་སྨན་དབུ་མའི་ལམ་ནི་བོད་དང་རྒྱ་ནག་གཉིས་ཀར་ཕན་ཐོགས་ཆགས་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་དང་ཨེ་ཤེ་ཡ་ཉམས་ཞིབ་ལྟེ་གནས་ཀྱི་འགན་འཛིན་(Eerishika Pankaj)་ཨེ་རི་ཤིཀ་པངྐ་ཇི་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་བོད་གཞུང་ས་གནས་གཞུང་ལ་བརྩིས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་བརྒྱུད། ལོ་བརྒྱ་ཕྲག་རིང་ནས་བོད་རྒྱ་ཁོངས་སུ་སྒྲུབ་ཐབས་དང་བོད་རྒྱ་ཁོངས་སུ་ཁྲིམས་ཐོག་ནས་འཇུག་ཐབས་ཀྱིས་ཡིག་ཆ་དེ་གལ་ཆེན་དུ་བརྩིས་ཡོད་ནའང་། དངོས་ཡོད་གནས་ཚུལ་ནི་ཡིག་ཆ་དེས་བོད་ཡོངས་རྫོགས་བཙན་བཟུང་བྱེད་ཐུབ་པ་བཟོས་ཏེ། གྲོས་མཐུན་གྱི་ནང་དོན་རྒྱ་ནག་གཞུང་རང་གིས་རྡོག་རོལ་བཏང་བ་རེད། གྲོས་མཐུན་བཞག་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་རང་བཞིན་དང་སྤྱི་ཚོགས་ཀྱི་ལམ་སྲོལ། རིག་གནས་གོམས་གཤིས་དང་བོད་མིའི་འཚོ་བ་རོལ་སྟངས་སོགས་བསྒྱུར་བཅོས་མི་བྱེད་པའི་ཁས་ལེན་བྱས་པ་ཐམས་ཅད་རྡོག་རོལ་ཏུ་བཏང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
སྤྱི་ལོ་༡༩༧༢ཙམ་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་སྡེ་ཚན་དུ་ཕྱག་ལས་གནང་མྱོང་མཁན། ལོ་རྒྱུས་སྨྲ་བ་(A S Bhasin)་ཨེ་ཨེ་སི་བྷ་སན་ལགས་ནས། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་གཞུང་གི་སྐུ་ཚབ་ཚོར་གྲོས་མཐུན་ལ་མིང་རྟགས་བཀོད་བཅུག་པའི་ཁར། གྲོས་མཐུན་དེ་ནི་རྒྱ་ནག་གཞུང་དང་བོད་གཞུང་གི་བར་བཞག་པ་ཞིག་མ་གཏོགས་རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་གྲོས་མཐུན་ཞིག་མིན་པར་བརྟེན། རྒྱ་ནག་གཞུང་གིས་གྲོས་མཐུན་གྱི་ནང་དོན་རྡོག་རོལ་བཏང་ནའང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཇུས་འཁྲི་མི་བྱེད་པ་མ་ཟད། ལྷ་སའི་ནང་གི་རྒྱ་གར་གཞུང་ཚབ་དེ་རྒྱ་གར་གྱི་དོན་གཅོད་དུ་མིང་བསྒྱུར་གྱིས། རྒྱ་གར་ལའང་བོད་རྒྱ་ཁོངས་སུ་ངོས་ལེན་གནང་བཅུག་པ་སོགས་གསལ་སྟོན་གནང་སོང་།
གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ནང་གི་དཔེར་ན་དོན་ཚན་བཞི་པར། “བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བཅོས་བསྒྱུར་མི་བྱེད་པར། ཏཱ་ལའི་བླ་མའི་སྔར་ཡོད་ཀྱི་གོ་གནས་དང་དབང་ཆར་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམན་རྣམས་ཀྱང་སྔར་བཞིན་གནས་རྒྱུ་”སོགས་འཁོད་ཡོད་ནའང་། རྒྱ་ནག་གཞུང་རང་ཉིད་ཀྱིས་གྲོས་མཐུན་བཞག་མ་ཐག་གྲོས་མཐུན་གྱི་འབྲུ་དོན་རྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་མི་ཚོ་འུ་ཐུག་གིས་རང་དབང་སྒེར་ལངས་གནང་དགོས་བྱུང་བ་མ་ཟད། མཐར་སྤྱི་ལོ་༡༩༥༩ལོར་༧གོང་ས་མཆོག་སྐུ་འཁོར་དང་བཅས་བ་རྒྱ་གར་དུ་ཆིབས་སྒྱུར་གནང་དགོས་ཐུག་པ་དང་ཆབས་ཅིག་ཏུ། ༧གོང་ས་མཆོག་གིས་སྤྱི་ལོ་༡༩༥༩ལོའི་ཟླ་༦པའི་ཚེས་༢༠ཉིན་མོར། “རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་གྲོས་དོན་ཁག་ལ་ཁོ་ཚོ་རང་ཉིད་ཀྱིས་རྡོག་རོལ་བཏང་ཡོད་པར་བརྟེན། གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཁྲིམས་ལུགས་ཐོག་ནས་ངོས་འཛིན་བྱེད་པའི་གཞི་རྟེན་མེད་”པའི་རྩིས་མེད་གསལ་བསྒྲགས་སྤེལ་ཏེ་དོན་ཚན་བཅུ་བདུན་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ནུས་མེད་ཀྱི་གྲོས་མཐུན་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།