གཞི་མེད་སྐུར་འདེབས་བྱེད་མཁན་རྣམས་ཐེར་འདོན་བྱ་རྒྱུ་ཡིན།

༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་མཁན་རྣམས་ཐེར་འདོན་བྱ་རྒྱུ་ཡིན་པ་རྡ་སའི་ཚོགས་པ་ཁག་བདུན་གྱིས་གསལ་བསྒྲགས་སྤེལ་འདུག

ཚོགས་པ་བདུན་གྱི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༦།༡༢།༡༩ བང་ཆེན།

རྡ་སའི་ཚོགས་པ་ཁག་བདུན་མཉམ་འབྲེལ་གྱིས་༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་མཁན་རྣམས་ཐེར་འདོན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༩་ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ་དབུས་གཙང་ཆོལ་ཁ་དང་། མདོ་སྟོད་ཆོལ་ཁའི་དབུས་རྒྱུན་ལས་ཁང་། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་ཁང་། མངའ་རིས་སྤྱི་མཐུན་ཚོགས་པ། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཚོང་ཁང་ཚོགས་པ་བཅས་ཚོགས་པ་བདུན་མཉམ་འབྲེལ་ཐོག་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་གྱི་གཟུགས་མེད་གྲིབ་བཟོའི་སྐུར་འདེབས་བྱེད་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ཐེར་འདོན་བྱ་རྒྱུ་ཡིན་པའི་སྐོར་བསྒྲགས་གཏམ་སྤེལ་ཡོད་འདུག
ཚོགས་པ་བདུན་ཐུན་མོང་གིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་། རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་གངས་ཅན་བོད་ཀྱི་འགྲོ་བ་རྣམས་ལ་ཆོས་སྲིད་གང་ཐད་ནས་བཀའ་དྲིན་ཞལ་མཐའ་མེད་པ་བསྐྱངས་པ་སྤྱི་དང་། ལྷག་པར་དུ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་འབངས་བདེ་ཐབས་སུ་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཇི་ལྟར་བསྐྱང་པར་རིག་འཚོ་མ་ཟིན་པ་དང་། སྨོན་ལམ་ལོག་པའི་དམ་སྲིས་བརྒྱུད་བསྐུལ་བའི་མི་ངན་རིགས་ཕུད། ཤེས་པ་རྣལ་དུ་གནས་པའི་སྐྱེ་བོ་ཀུན་གྱི་བློ་ངེས་སེམས་གསལ་གྱིས་བཀའ་དྲིན་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན། འོན་ཀྱང་བར་ལམ་ནས་བོད་མིའི་སྤྱི་ཚོགས་ཁྲོད་མི་རེ་ཟུང་གིས་དཔལ་འབྱོར་དང་རང་ཉིད་ཀྱི་ཁེ་ཕན་ཆེད་རྒྱ་དམར་གྱི་མགྲིན་ཚབ་བྱེད་བཞིན་དྲ་ལམ་ཁག་ཏུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་བསྙོན་འཛུགས་གྱི་གཟུགས་མེད་གྲིབ་བཟོའི་སྐུར་འདེབས་ཁ་ནས་གང་ཐོན་བྱས་དང་བྱེད་མུས་ཐད། ང་ཚོ་མིང་འཁོད་ཚོགས་པ་བདུན་གྱིས་ཐེར་འདོན་མཐའ་གཅིག་ཏུ་བྱེད་རྒྱུའི་གྲོས་དོན་ལྟར། སྤྱིའི་འགན་དབང་ཡོད་པའི་བཀའ་སྤྱི་གཉིས་དང་ཆོས་སྡེ། ཚོགས་སྐྱིད་ཁག རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ནས་དེ་ལུགས་རང་དོན་རང་གཅེས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། བོད་མིའི་ས་ཁུལ་ཁག་ཏུ་མི་ངན་གཏེ་བོ་དེ་དག་གི་ལོ་རྒྱུས་འདྲ་པར་སོགས་ཉེས་སྤྱོད་ཐེར་འདོན་གྱི་འགན་འཁུར་སོགས་ཚོར་བ་རྣོན་པོའི་སྒོ་ནས་ཉེས་སྤྱོད་དེ་དག་ལ་གདོང་ལེན་གྱི་ལས་འགུལ་སྤྱི་དང་། ལྷག་པར་གནས་ཡུལ་སོ་སོའི་གཞུང་དང་ཁྲིམས་ཁང་ལ་ཞུ་གཏུགས་གནང་རྒྱུ་སོགས་ཕན་ནུས་ལྡན་པའི་ལས་འགུལ་སྤེལ་ཐབས་ལ་དགོངས་བཞེས་དང་། བོད་མིའི་བདེ་རྩ་དང་ཆིག་སྒྲིལ་གོང་འཕེལ་ཡོང་སླད་མཉམ་རུབ་འགན་འཁུར་གྱིས་ཆ་ཤས་ལེན་པའི་སྒོ་ནས་དོན་གནད་དེར་རྩ་འཛིན་ཅི་ནས་ཀྱང་གནང་གལ་ཆེ་བའི་འབོད་བསྐུལ་ཞུ་ཞེས་བཀོད་ཡོད་འདུག།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org