རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུ་ཆེན་མོ་འགྲོ་བཞིན་པར། བོད་མི་བཙན་བྱོལ་བ་ཁག་ཅིག་གིས་ཆ་ཤས་བླངས་ཏེ་འོས་ཤོག་འཕངས་ཡོད་པ།
རྒྱ་གར་རྒྱལ་ཁབ་ཀྱིས་ཉེ་བའི་ཆ་ནས་འབྱུང་འགྱུར་ལོ་ལྔའི་ནང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་བྱེ་བྲག་པ་དང་།ཡང་ན་མཉམ་འབྲེལ་གྱིས་ཆབ་སྲིད་ཚོགས་ཁག་སུས་རྒྱ་གར་གཞུང་འཛིན་མིན་ཐད་ཐག་གཅོད་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཚ་ཚ་འུར་འུར་ངང་འགྲོ་བཞིན་པ་དང་ཕྱོགས་མཚུངས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་གྱི་ཧི་མ་ཅལ་མངའ་སྡེའི་ནང་དུའང་། སྤྱི་ཟླ་༦པའི་ཚེས་༡ཉིན་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་མཐའ་མ་དེ་གནང་ཡོད་པར། བཙན་བྱོལ་བོད་མི་རྒྱ་གར་ནང་འོས་འདེམས་ཀྱི་ཡིག་ཆ་ཡོད་པ་རྣམས་ཀྱིས་ཀྱང་འོས་ཤོག་འཕངས་ཡོད་ཅིང་།
- 2024-06-01
-
-
-
Your browser doesn’t support HTML5 audio
མི་འབོར་གྱི་ཆ་ནས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ལ་བརྩི་སྲོལ་ཡོད་པ། རྒྱ་གར་རྒྱལ་ཁབ་ཀྱིས་ཉེ་བའི་ཆ་ནས་འབྱུང་འགྱུར་ལོ་ལྔའི་ནང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་བྱེ་བྲག་པ་དང་།ཡང་ན་མཉམ་འབྲེལ་གྱིས་ཆབ་སྲིད་ཚོགས་ཁག་སུས་རྒྱ་གར་གཞུང་འཛིན་མིན་ཐད་ཐག་གཅོད་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཚ་ཚ་འུར་འུར་ངང་འགྲོ་བཞིན་པ་དང་ཕྱོགས་མཚུངས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་གྱི་ཧི་མ་ཅལ་མངའ་སྡེའི་ནང་དུའང་། སྤྱི་ཟླ་༦པའི་ཚེས་༡ཉིན་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་མཐའ་མ་དེ་གནང་ཡོད་པར། བཙན་བྱོལ་བོད་མི་རྒྱ་གར་ནང་འོས་འདེམས་ཀྱི་ཡིག་ཆ་ཡོད་པ་རྣམས་ཀྱིས་ཀྱང་འོས་ཤོག་འཕངས་ཡོད་ཅིང་། འོས་ཤོག་འཕེན་མི་ཚེ་རིང་དོན་གྲུབ་ལགས་ནས་འོས་ཤོག་འཕེན་པའི་ཐོབ་ཐང་ངེས་པར་ལེན་དགོས་པ་ཞིག་དང་། བོད་དོན་བདེན་མཐའ་སེལ་བར་རྒྱ་གར་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་ཐུབ་པའི་འཐུས་མི་ཡག་པོ་ཞིག་སླེབས་དགོས་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་འོས་ཤོག་འཕེན་མཁན་བསྟན་འཛིན་བཀྲ་ཤིས་ལགས་ནས་ཀྱང་རྒྱ་གར་ནི་མང་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཆེ་ཤོས་གལ་འགངས་ཅན་ཞིག་ཆགས་ཡོད་པས། རྒྱ་གར་གྱི་འོས་བསྡུའི་ནང་མཉམ་ཞུགས་བྱས་ན་ང་ཚོ་བོད་པ་ལའང་ཁེ་ཕན་ཆེན་པོ་ཡོད་པར་མཐོང་བ་དང་། རྒྱ་གར་གྱིས་བོད་དོན་དང་བོད་མི་མང་ལ་ད་བར་རྒྱབ་སྐྱོར་གནང་མུས་སུ་ཡིན་པ་བཞིན།མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་གནང་གི་འདུག
ཡང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འདིའི་ནང་འོས་ཤོག་འཕེན་མཁན་བཀྲ་ཤིས་ལགས་ནས།ཁོང་ཚོ་ལམ་འགྲམ་དུ་ཐང་ཁྲོམ་ཚོང་པ་ཚོར་ནམ་རྒྱུན་དཀའ་ངལ་འཕྲད་བསྡད་ཡོད་པར།རྒྱ་གར་སྲིད་དོན་པ་ཚོས་དཀའ་ངལ་སེལ་ཐུབ་པ་གནང་གི་ཡིན་ཞེས་ཁས་ལེན་གནང་ཡོད་པས། དཀའ་ངལ་སེལ་བའི་རེ་བ་གནང་སྟེ་འོས་འཕེན་དུ་ཡོང་བ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་རྒྱལ་ཡོངས་ནང་རྒྱ་གར་གྱི་སྲིད་འཛིན་འོས་བསྡུ་ཆེན་མོ་དང་གྲོས་ཚོགས་གོང་འོག་གི་འོས་བསྡུ། མངའ་སྡེ་རིམ་པའི་གྲོས་ཚོགས་འཐུས་མི་འོས་བསྡུ་སོགས་གནང་ལམ་ཡོད་ནའང་། ལོ་ལྔ་རེའི་ནང་གི་སྐབས་འདིའི་འོས་བསྡུ་ཧ་ཅང་གལ་ཆེན་ཆགས་ཡོད་དོན་ནི།རྒྱ་གར་དེ་བཞིན་གྲོས་ཚོགས་ལམ་ལུགས་ཀྱི་རྒྱལ་ཁབ་ཞིག་ཆགས་ཡོད་པར་བརྟེན། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་བྱེ་བྲག་པ་དང་མཉམ་འབྲེལ་ཆབ་སྲིད་ཤོག་ཁག་བཅས་སུ་ལ་གྲོས་ཚོགས་འོག་མའི་ཞབས་སྟེགས་མང་བ་འཐོབ་ན། ཆབ་སྲིད་ཚོགས་པ་དེ་འབྱུང་འགྱུར་ལོ་ལྔ་རིང་གི་རྒྱ་གར་གཞུང་འཛིན་གྱི་ཚོགས་པ་ཆགས་ཀྱི་ཡོད་པས། འོས་བསྡུ་ཆེན་མོ་འདི་གནད་འགག་ཆེ་ཤོས་སུ་བརྩི་སྲོལ་ཡོད་པ་དང་། རིང་མིན་སྤྱི་ཟླ་༦པའི་ཚེས་༤ཉིན་འོས་བསྡུའི་རྒྱལ་ཁ་སུ་ལ་འཐོབ་ཡོད་མེད་རྒྱལ་ཡོངས་སུ་ཡོངས་བསྒྲག་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།