གཞུང་འབྲེལ་མཆོད་འབུལ་སྨོན་ལམ།
བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ཚོར་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཆེད་དེ་རིང་ཉིན་རྒྱབ་ལས་ཁུངས་ཁག་སྒོ་བརྒྱབས་ནས་མཆོད་འབུལ་སྨོན་ལམ་སོགས་གནང་འདུག
-
2012-11-02 -
-
-
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ནང་ཉེ་ཆར་སྐུ་ལུས་མེར་སྲེག་གཏོང་མཁན་མི་སྣ་བཞིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས་རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་གཞིས་བཞུགས་ཕོ་མོ་འདས་སོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཆེད་དེ་རིང་ཕྱི་ཚེས་༢ཉིན་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་གནང་ཡོད་རེད།
གཞུང་ཕྱོགས་ནས་བོད་ཀྱི་རྒྱལ་གཅེས་པ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་སླད། གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཚོུད་༤པ་ནས་ལས་ཁུངས་ཁག་སྒོ་བརྒྱབས་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་འབུལ་གཤམས་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོར་རིན་པོ་ཆེ་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་། སྲིད་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་དང་། མི་མང་། སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།།