རང་སྲེག་འགོག་ཐབས་ཀྱི་ཐབས་ཤེས།
བོད་མི་ཚོས་སྐུ་ལུས་མེར་སྲེག་གཏོང་བཞིན་ཡོད་པ་དེ་དག་བཀག་འདོམས་ཆེད་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
-
2013-01-19 -
-
-
༄༅། །བོད་ཐོག་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་མཚོན་ཆེད་གཞིས་ལུས་བོད་མི་ཚོས་སྐུ་ལུས་མེར་སྲེག་གཏོང་བཞིན་ཡོད་པ་དེ་དག་བཀག་འདོམས་ཆེད་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་སྐུ་ལུས་མེར་བསྲེག་གཏོང་མཁན་ཚོ་ཕྱི་ཕྱོགས་ཀྱི་བརྒྱུད་སྐུལ་འོག་བྱས་པའི་ཉེས་འཛུགས་དང༌། རང་སྲོག་དོར་མཁན་ཚོའི་ནང་མི་སྤུན་མཆེད་འཛིན་བཟུང། བརྙན་འཕྲིན་ལས་རིམ་ལྟ་ཆས་ཟུང་སྐར་སྡེར་མ་སྟོང་ཕྲག་མང་པོ་འཁྲོག་ལེན་བྱས་ནས་བོད་མི་ཐོག་སྔར་ལས་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད་འདུག
དེ་ལྟ་བུའི་དམ་བསྒྲགས་བྱེད་བཞིན་པ་དེ་ནི། བོད་མི་མང་པོས་རང་ལུས་མེར་སྲེག་གི་ངོ་རྒོལ་དང་། རྒྱལ་སྤྱི་ནས་རྒྱ་གཞུང་ལ་སྐྱོན་བརྗོད་སོགས་ཇི་ཙམ་གནང་ཡང༌། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་ཐོག་སྲིད་བྱུས་གུ་ཡངས་སུ་གཏོང་རྒྱུའི་རེ་བ་མེད་པའི་སྔ་ལྟས་ཞིག་ཡིན་པ་རེད།
ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་རིགས་པའི་ཐོག་མཁས་པ་དང་ཁྲིམས་ཀྱི་སློབ་དཔོན་Michael Davis ཡིས་བོད་ནང་བོད་མི་མང་པོས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་ཚུལ་རྒྱལ་སྤྱིའི་གསར་ཤོག་ཁག་ནང་རྒྱ་ཁབ་དྲིལ་བསྒྲགས་འགྲོ་ཡི་ཡོད་པར་བརྟེན། རྒྱ་ནག་གཞུང་ལ་བོད་ཐོག་དམ་བསྒྲགས་བྱ་རྒྱུའི་དངངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང༌། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་རྐྱེན་པས་ཁོང་ཚོར་དཀའ་ངལ་གསར་པ་མ་ཕྲད་པའི་རེ་བ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། བོད་མི་མང་པོས་རང་ལུས་མེར་སྲེག་གཏོང་བཞིན་ཡོད་པ་དེས་བོད་མི་ཚོས་རྒྱ་གཞུང་ལ་འདོད་པ་མེད་པའི་རྣམ་འགྱུར་མཚོན་གྱི་ཡོད་པས་མ་ཟད། དྲག་གནོན་ཇི་ཙམ་ཆེ་རུ་བཏང་བ་ཡིན་ན་ཡང་དེར་འགོག་རྒོལ་བྱེད་ཚད་ཀྱང་དེ་ཙམ་གྱི་མང་དུ་འགྲོ་རྒྱུའི་དགོངས་ཚུལ་གསུངས་འདུག།