དཀར་མཛེས་རྫོང་ཐོག་ནས་བསྟན་དགའ་ལཊ་ཀྱིས་རང་ལུས་མེར་བསྲེཊ་གནང་འདུག

བསྟན་དགའ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་གི་ཁྲོམ་གཞུང་ནས་རང་ལུས་མེར་བསྲེགས་གནང་རྗེས་སྐུ་གྲོངས་འདུག

བསྟན་དགའ་ལགས་ཀྱི་ཉེ་པར། (ཟླ་ཚེས་མི་གསལ) བོད་འབྱོར།

བསྟན་དགའ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་གི་ཁྲོམ་གཞུང་ནས་རང་ལུས་མེར་བསྲེགས་གནང་རྗེས་སྐུ་གྲོངས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧ ་ལོའི་ཟླ་ ༡༡ ་ཚེས་ ༢༦ ་རེས་གཟའ་ཉི་མའི་ཉིན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཐོག་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག་ལ་། འབྲེལ་ཡོད་ལྟར་ན། ཁོང་གིས་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་ཡོད་འདུག
རང་ལུས་མེར་སྲེག་གི་དོན་རྐྱེན་དེ་བྱུང་རྗེས་ས་གནས་ལ་རྒྱ་ནག་གཞུང་གིས་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དཀར་མཛེས་རྫོང་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་སྟབས་ས་གནས་སུ་འབྲེལ་གཏུག་དང་། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བའི་གནས་སུ་འདུག
གོང་གི་བསྟན་དགའ་ལགས་ནི་དཀར་མཛེས་རྫོང་མདའ་མདོ་གྲོང་པའི་མི་དང་དེ་སྔོན་དཀར་མཛེས་དགོན་པའི་གྲྭ་པ་ཡིན་འདུག
དེ་བཞིན་ཡང་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་སུ་ངོ་སྤྲོད་གནང་བ་ལྟར་ན། གནས་ཚུལ་དེ་བདེན་པ་ཡིན་པ་དང་། བསྟན་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་རང་དབང་དགོས་ཞེས་འབོད་ཚིག་བསྒྲགས་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་དང་དམག་མི་འབྱོར་ནས་སྐུ་ཕུང་བཙན་འཁྱེར་བྱས་རྗེས་ད་ལྟའི་ཆར་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲད་ཡོད་མེད་དང་། གནས་སྟངས་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག ཁོང་དགུང་ལོ་༦༣་ཡས་མས་ཙམ་ཡིན་པ་དང་། དེ་སྔོན་རྒྱ་གར་ལ་ཆོས་ཞུ་ཆེད་ཕེབས་མྱོང་ཡོད་པ་བརྗོད་འདུག
སྤྱི་ལོ་༢༠༠༩ ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ནས་རང་ལུས་མེར་སྲེག་གནང་མཁན་མི་གྲངས་༡༥༡་བྱུང་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org