བློ་བཟང་ཤེས་རབ་ལགས་ཀྱི་སྐུ་ཕུང་བཙན་འཕྲོག་བྱས་པ།

བོད་མི་བློ་བཟང་ཤེས་རབ་ལགས་ཀྱི་སྐུ་ཕུང་བཙན་འཕྲོག་བྱས་པ་མ་ཚད་དེར་ཡོད་མི་ཚོར་གང་བྱུང་བཅར་བརྡུང་དང་འཛིན་བཟུང་བྱས་འདུག

༄༅༎ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༢༨ ཉིན། མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཤེས་རབས་ལགས་ཀྱིས་རྔ་པ་རྫོང་བཅའ་ཞང་གི་གཞུང་ལམ་ཐོག་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཞིང༌། ཁོང་དེ་མ་ཐག་འདས་གྲོངས་སུ་གྱུར་ཡོད་པ་དང༌། བོད་མི་བརྒྱ་སྐོར་ཞིག་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་དང་བཅས་ཁོང་གི་སྐུ་ཕུང་བདག་པོ་བརྒྱབ་བཞིན་པའི་སྐབས་ལས་བྱེད་པ་ཞིག་གིས་བོད་མི་དེ་དག་ལ། རྔ་པ་རྫོང་ནས་དཔོན་པོ་ཞིག་ཡོང་གི་ཡོད་པས་ཁོང་འབྱོར་རྗེས་ཁྱེད་ཚོའི་འདོད་པ་བཞིན་སྐུ་ཕུང་འཁྱེར་ཆོག་རྒྱུ་ཡིན་ཚུལ་བརྗོད་དེ་སྐད་འབོད་མཚམས་འཇོག་བྱས་བཅུག་ཡོད་འདུག་ཀྱང་། དུས་ཡུན་རིན་པོ་མ་སོང་བའི་རྗེས་དམག་མི་དང་དྲག་ཆས་ཉེན་རྟོག་པ་ཕོན་ཆེ་སླེབས་ཏེ། བློ་བཟང་ཤེས་རབ་ལགས་ཀྱི་སྐུ་ཕུང་བཙན་འཕྲོག་བྱས་པ་མ་ཚད། དེར་ཡོད་མི་ཚོར་གང་བྱུང་བཅར་བརྡུང་དང་འཛིན་བཟུང་བྱས་ཤིང༌། མི་དམངས་ལ་འཇིགས་བསྐུལ་སློང་ཆེད་མེ་མདའ་གནམ་ལ་བརྒྱབ་པ་སོགས་བྱས་ཡོད་པ། དེ་རིང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིས་གནས་ཚུལ་སྤེལ་འདུག།
སྐབས་དེར་འཛིན་བཟུང་བཀག་ཉར་བྱས་པའི་ཁོངས་སུ་ད་བར་གནས་ཚུལ་ཤེས་རྟོགས་བྱུང་བར།་ གཅའ་རུ་བའི་རྒས་མྱིག་ཚང་གི་ཆོས་བྷེ་དང་ རྭ་རུ་བའི་དཀོན་རིས་ཚང་གི་འཕྲིན་ལས། ནགས་ཚང་མའི་སྐལ་དབང་ཚང་གི་དཀོན་ཚེ་གཟའ་མི་གཉིས་སོགས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་འདུག་ཅིང༌། དཀོན་ཚེའི་བཟའ་ཟླ་ཉིན་གཉིས་ཀྱི་རྗེས་སུ་གློད་བཀྲོལ་བྱས་ཡོད་འདུག།  དེ་ཙམ་མ་ཟད་ཕྱི་ཚེས་ ༢༨ ཉིན་རྨས་སྐྱོན་ཕོག་པའི་མི་མང་བོ་ཞིག་ཡོད་པའི་ནང་ནས་ཁག་ཅིག་ད་ལྟ་སྨན་ཁང་དུ་ཡོད་འདུག་ལ། ཡང་ཁག་ཅིག་གིས་སྨན་ཁང་ནས་རྒྱ་གཞུང་གིས་འཛིན་བཟུང་བྱེད་པར་དོགས་ནས་ཕྱི་ནས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་སྨན་བཅོས་ཏག་ཏག་མ་རག་པའི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་འདུག
ཕྱི་ཚེས་ ༢༨ ཀྱི་དགོང་མོ་དེར་བློ་བཟང་ཤེས་རབ་ཀྱི་སྐུ་ཕུང་ཐད་ཀར་འབར་ཁམས་སུ་ཁྱེར་ནས་ཕྱི་ཚེས་༢༩ ཉིན་འབར་ཁམས་ནས་རྒྱ་གཞུང་གིས་མེ་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་ཀྱང་། དེའི་ཉིན་ཤས་སྔོན་རྡོ་རྗེ་ལགས་ཀྱིས་གཅའ་ཞང་དུ་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཟིན་རྗེས། ཉིན་གཉིས་རིང་གཅའ་དགོན་པའི་ནང་བོད་མི་གཅིག་སྟོང་ལྷག་མཉམ་འཛོམས་ཀྱིས་མ་ཎི་བསགས་སྒྲུབ་དང་བསྔོ་སྨོན་གྱིས་སྒོ་ནས་གདུང་སེམས་མཉམ་སྐྱེད་གནང་ཐུབ་པ་བྱུང་ཡོད་རུང་། ད་ཐེངས་དེ་འདྲའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཀྱང་བཀག་སྡོམ་བྱས་ཡོད་པས་འབྲེལ་ཡོད་ཚོའི་འདོད་པ་ཁེངས་པའི་རྗེས་འཇུག་གི་བྱེད་སྒོ་ཁག་བསྒྲུབ་ཐུབ་མེད་པའི་གནས་ཚུལ་སྤེལ་འདུག།
དེ་བཞིན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཤེར་ཕྱིན། རང་ལོ་ ༢༢ ཙམ་དང་། གྲྭ་བྱང་ཆུབ། རང་ལོ་ ༡༦ཡིན་པ་ཁོང་གཉིས་ཀྱང་རྔ་པ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ནའང་གང་དུ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འབྲེལ་ཡོད་དགོན་གྲོང་གཉིས་ཀས་ཤེས་རྟོགས་མེད་པ་རེད་འདུག་ལ། ཡང་སྔ་ལོ་ཕྱི་ཟླ་ ༡༠ པའི་ནང་འཛིན་བཟུང་བྱས་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་དང། བློ་བཟང་བཀྲིས། ལྷ་བཟོ་བ་བློ་གྲོས་གསུམ་འཛིན་བཟུང་བྱས་ཏེ་ད་བར་ཟླ་བ་ལྔ་ཙམ་སོང་ཟིན་ན་ཡང༌། ཁོང་ཚོའི་འཆི་སོན་གང་ཡིན་གྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་འབྲེལ་ཡོད་ཚོས་བློ་འཚབ་ཤུགས་ཆེ་བྱེད་བཞིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org