བོད་རྔ་བའི་དཔའ་བོའི་སྲང་ལམ་དུ་རྒྱ་ནག་དྲག་ཆས་ཉེན་རྟོག་པས་ཉིན་མཚན་མཐུད་ནས་ལྟ་སྲུང་བྱས་ཏེ་ལོ་ངོ་མང་པོ་འགྲོ་བཞིན་ཡོད་འདུག

ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་མང་པོའི་རང་ལུས་མེར་སྲེག་གཏོང་སའི་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ཞེས་པ་རུ། དེ་སྔ་བོད་མི་ཚོས་སྲང་ལམ་དུ་ཐང་ཁྲོམ་ཚོང་གཉེར་བྱེད་མཁན་རིགས་མེད་པ་བཟོས་ཏེ། ས་གནས་དེའི་ར་སྐོར་ཞིག་ཏུ་དྲག་ཆས་དམག་མི་མང་པོ་སྦས་སྐུང་གིས་སྲང་ལམ་དེར་སོ་སྲུང་དང་། བོད་མི་ཚོས་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་གིས་ལོ་ངོ་མང་པོ་འགྲོ་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང།

རྔ་བ་རྫོང་གི་སྲང་ལམ་ཞིག་གི་པར་རིས། བོད་འབྱོར།

ཕྱི་ལོ་༢༠༠༩ལོ་ནས་རྔ་བ་རྫོང་དུ་དགེ་འདུན་པ་བཀྲ་བྷེ་ལགས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་། རྔ་བ་ནས་བོད་མི་སེར་སྐྱ་འབོར་ཆེན་གྱིས་སྔ་ཕྱིར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་བཞིན། ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་མང་པོའི་རང་ལུས་མེར་སྲེག་གཏོང་སའི་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ཞེས་པ་རུ། དེ་སྔ་བོད་མི་ཚོས་སྲང་ལམ་དུ་ཐང་ཁྲོམ་ཚོང་གཉེར་བྱེད་མཁན་རིགས་མེད་པ་བཟོས་ཏེ། ས་གནས་དེའི་ར་སྐོར་ཞིག་ཏུ་དྲག་ཆས་དམག་མི་མང་པོ་སྦས་སྐུང་གིས་སྲང་ལམ་དེར་སོ་སྲུང་དང་། བོད་མི་ཚོས་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་གིས་ལོ་ངོ་མང་པོ་འགྲོ་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང།

གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། སྤྱིར་སྲང་མདོ་ཁག་ཅིག་ཏུ་ནམ་རྒྱུན་ཉེན་རྟོག་པས་མེ་གསོད་འཕྲུལ་ཆས་བཟུང་སྟེ་ལྟ་སྲུང་འོག་ཡོད་ན་ཡང། དམིགས་བསལ་དཔའ་བོའི་སྲང་ལམ་ཞེས་པར་འདས་པའི་ལོ་ཤས་ནས་བཟུང་གཏན་སྲུང་བྱས་ཏེ། ས་གནས་དེར་སྔ་ཕྱི་དྲོར་འགྲོ་སྐྱོད་སྐབས་མིག་གིས་ཡར་མར་གང་བྱུང་བལྟ་མི་ཆོག་པ་དང་། བོད་མི་མང་པོས་ས་གནས་དེའི་ར་སྐོར་ཞིག་ཏུ་རྒྱ་ནག་གི་དྲག་ཆས་དམག་མི་འབོར་ཆེན་སྦས་སྐུང་བྱས་ཡོད་པ་མཐོང་བ་ལས། ག་དུས་ཤིག་ལ་འགྲེམས་འཇོག་བྱས་དང་ཁོ་ཚོས་ལས་ཀ་ག་འདྲ་བྱེད་བཞིན་ཡོད་སོགས་ཧ་ཅང་གསང་བ་དང་། དམིགས་བསལ་དུས་ཚེས་ཁག་ལ་ས་གནས་དེར་གང་བྱུང་འགྲོ་སྐྱོད་མི་ཆོག་པའི་གནས་སུ་ཡོད་པ་མ་ཟད། གནས་ཚུལ་ག་རེ་བྱུང་ན་དྲག་ཆས་དམག་མི་སྦས་སྐུང་གིས་རྒྱུག་ཆོག་ཆོག་བྱས་ནས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དཔའ་བོའི་སྲང་ལམ་ཞེས་པའི་ས་ཁུལ་དེ་ནམ་རྒྱུན་བོད་མི་ཚོས་ཚོང་ལས་གཉེར་སའི་ས་ཚིགས་ཤིག་ཡིན་པ་མ་ཟད། བོད་མི་མང་པོས་ཐང་ཁྲོམ་རིགས་བཤམ་ནས་ཚོང་ལས་གཉེར་བཞིན་ཡོད་ཀྱང་། དེང་སྐབས་ས་གནས་དེར་ཐང་ཁྲོམ་རིགས་ཀྱི་ཚོང་ལས་རྩ་ནས་གཉེར་བཅུག་གི་མེད་པ་དང་། ཡང་བཙན་བྱོལ་ནང་ཡོད་པའི་གནས་ཚུལ་མཁོ་སྤྲོད་པས། རྔ་བ་རྫོང་དུ་དྲག་དམག་གིས་སོ་སྲུང་འོག་ཡོད་པ་དེ་རྒྱུ་ལྡན་ལྟ་བུ་ཡིན་ན་ཡང་། དཔའ་བོའི་སྲང་ལམ་དུ་དྲག་ཆས་དམག་གིས་ཆེད་དམིགས་སྲུང་ནས་ཡོད་པ་དེ་བོད་ནང་གི་བོད་མི་མང་པོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དང་། གཙོ་བོ་དུས་ཚིགས་དམིགས་བསལ་བ་ཁག་ལ་བོད་མི་ཚོར་གང་བྱུང་ཞིབ་བཤེར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དཔའ་བོའི་སྲང་ལམ་དེ་བཞིན་རྔ་བ་ཀིརྟི་དགོན་པའི་ཉེ་འདབས་ཁྲོམ་ལམ་འགོ་སྟོད་དེར་ཡོད་པ་དང་། ཀིརྟི་རིན་པོ་ཆེས་འཁྲུངས་སྐར་ལྟ་བུར་དགོན་གྲོང་གཉིས་སུ་ཞིབ་བཤེར་ལྟ་སྲུང་དང་། ཕྱི་ལ་འགྲོ་སྐྱོད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་དཔའ་བོའི་སྲང་ལམ་ཞེས་པར་རྒྱ་ནག་གཞུང་གིས་ཆ་ཐང་ལམ་ཞེས་གཏགས་ཡོད་ཀྱང་། ཕྱི་ལོ་༢༠༠༨ལོ་ནས་བཟུང་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་འཁུར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། དེའི་རྗེསད་ཕྱི་ལོ་༢༠༠༩ལོ་ནས་བཟུང་བོད་མི་མང་པོས་ས་གནས་དེར་རང་ལུས་མེར་སྲེག་འབོར་ཆེན་བཏང་རྐྱེན། བོད་མི་ཚོས་དཔའ་བོའི་ལམ་ཞེས་འབོད་བཞིན་ཡོད་པ་དང་། སྲང་ལམ་དེ་རྔ་བ་རྫོང་ནས་མགོ་ལོག་ཁུལ་དང་ཛམ་ཐང་རྫོང་སོགས་སུ་འགྲོ་སའི་གཞུང་ལམ་དང་། བོད་མི་མང་པོ་འདུས་སྡོད་ཀྱི་སྲང་ལམ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org