ཨ་རི་དང་རྒྱ་གར་གྱི་ཐབས་བྱུས་གླེང་སྟེགས་ཚོགས་པ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་ད་རེས་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གི་ཨ་མི་རི་ཀའི་རྒྱལ་དོན་འཚམས་གཟིགས་འདིའི་སྐབས་རྒྱལ་ཁབ་གཉིས་ཀྱི་དབར་རྒྱལ་སྲུང་དང་འཕྲུལ་རིགས། ཚོང་དོན་བཅས་ཀྱི་གྲོས་མཐུན་ཁག་ཅིག་སྣོལ་འཇོག་གནང་ཐུབ་ཡོད་པའི་སྐོར་གླེང་པ།

ཨེ་ཨེཕ་པི།

ཕྱི་ཚེས་ ༢༣ ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་མི་རི་ཀ་དང་རྒྱ་གར་གྱི་རྒྱལ་སྲུང་གི་ཐབས་བྱུས་མཉམ་འབྲེལ་གླེང་སྟེགས་ཀྱི་ཚོགས་འདུ་ཚོགས་པའི་ཐོག་ཕྱི་སྲིད་དྲུང་ཆེ་ Blinken མཆོག་གིས་གཙོ་བོ་ད་ཐེངས་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གི་ཨ་མི་རི་ཀའི་རྒྱལ་དོན་འཚམས་གཟིགས་འདིའི་སྐབས་རྒྱལ་ཁབ་གཉིས་ཀྱི་དབར་རྒྱལ་སྲུང་དང་།  འཕྲུལ་རིགས།  ཚོང་དོན་བཅས་ཀྱི་གནད་དོན་མང་པོའི་ཐོག་ལ་གྲོས་མཐུན་ཁག་ཅིག་གཏན་འབེབས་གནང་ཡོད་པ་གསུངས་པ་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཨ་རིའི་རྒྱལ་ས་ནས་ཕེབས་ཐོན་མ་གནང་གོང་རྒྱ་གར་མི་རིགས་མང་པོ་ཞིག་ལ་མཇལ་འཕྲད་གནང་སྐབས།  ཨ་མི་རི་ཀའི་སིཡེ་ཊལ་གྲོང་ཁྱེར་གཙོས་གྲོང་ཁྱེར་ཁག་ཅིག་གི་ནང་རྒྱ་གར་གྱི་གཞུང་ཚབ་ཡན་ལག་འཛུགས་རྒྱུ་དང་།  རྒྱ་གར་ལྷོ་ཕྱོགས་སྦེང་ལུ་རུ་དང་ Ahmedabad བཅས་སུ་ཨ་རིའི་གཞུང་ཚབ་ཡན་ལག་འཛུགས་རྒྱུའི་ཐད་བཀའ་བསྡུར་བྱུང་སོང་ཞེས་གསུངས་ཡོད་པ་རེད། 
ཨ་རི་དང་རྒྱ་གར་གྱི་ཐབས་བྱུས་ཀྱི་ཚོགས་འདུའི་ཐོག་ཕྱི་སྲིད་དྲུང་ཆེ་  Antony Blinken མཆོག་གིས་རྒྱ་གར་ངོས་ནས་ཨ་མི་རི་ཀའི་སར་ནས་ Boeing འགྲུལ་བསྐྱེལ་གནམ་གྲུ་གྲངས་ ༢༠༠ མཁོ་སྒྲུབ་བྱ་རྒྱུ་དང་ཨ་མི་རི་ཀའི་ངོས་ནས་རྒྱ་གར་གྱི་གནམ་གྲུའི་ཁ་ལོ་བར་སྦྱོང་བརྡར་སྤྲོད་རྒྱུ་དང་རྒྱ་གར་ནང་འགྲུལ་བསྐྱེལ་གནམ་གྲུ་བཟོ་སའི་བཟོ་གྲྭ་ཁག་ཅིག་འཛུགས་རྒྱུ་ཡིན་པའི་སྐོར་གསུངས་འདུག  དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་མཉམ་ཨ་མི་རི་ཀའི་ GE བཟོ་ཚོང་ལས་ཁང་ནས་དམག་གི་གནམ་གྲུ་ཁག་བཟོ་འདོན་བྱེད་རྒྱུའི་གྲོས་མཐུན་བཞག་ཡོད་པ་དེས་རྒྱ་གར་ལ་དམག་གི་གནམ་གྲུ་བཟོ་རྒྱུའི་འཕྲུལ་རིག་མཁོ་སྤྲོད་བྱེད་རྒྱུ་ཙམ་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྲུང་སྐྱོབ་ཐོག་ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་འདུག
ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་མི་རི་ཀའི་ Micron ཞེས་པའི་འཕྲུལ་རིག་གི་བཟོ་གྲྭ་དེས་རྒྱ་གར་གྱི་ Gujarat མངའ་སྡེའི་ནང་མ་གནས་ཨ་རི་ཌོ་ལར་ས་ཡ་ ༨༠༠ ཡི་ semiconductors ཞེས་གློག་རྡུལ་འཕྲུལ་ཆས་བཟོ་གྲྭ་ཞིག་འཛུགས་རྒྱུའི་སྐོར་དང་རྒྱ་གར་ངོས་ནས་ Epsilon Carbon ཞེས་པའི་བཟོ་གྲྭ་དེས་ཨ་མི་རི་ཀའི་ནང་མ་གནས་ཨ་རི་ཌོ་ལར་ས་ཡ་ ༦༥༠ ཡི་སྣུམ་འཁོར་གྱི་གློག་རྫས་བཟོ་གྲྭ་ཞིག་འཛུགས་རྒྱུའི་སྐོར་གསུངས་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་ (Narendra Modi)མཆོག་ད་རེས་ཨ་རིའི་ནང་ཚད་མཐོའི་རིམ་པའི་རྒྱལ་དོན་འཚམས་གཟིགས་གནང་པའི་སྐབས་སུ། ཨ་མི་རིའི་སྲིད་འཛིན་འཇོ་བྷཡེཌན་སྲིད་གཞུང་གིས་ཆེས་མཐོང་ཧ་ཅང་ཆེན་པོ་ཞུས་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཨ་རིའི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་ཐེངས་གཉིས་གནང་མཁན་གྱི་རྒྱ་གར་གྱི་སྲིད་བློན་ཐོག་མ་དེ་ཡིན་པ་འདིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་འཕེལ་རིམ་མཐོ་རུ་འགྲོ་བཞིན་པའི་མཚོན་རྟགས་གསལ་པོར་ངོས་འཛིན་བྱེད་བཞིན་འདུག་ལ།  སྲིད་བློན་མོ་དྷི་མཆོག་གིས་འདི་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་རླབས་རྒྱུན་གཞི་ནས་འགོ་ཚུགས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
སྲིད་བློན་མོ་དྷི་མཆོག་གིས་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་ཚང་འཛོམས་སར་གསུང་བཤད་ཐེངས་གཉིས་པ་དེ་གནང་སྐབས།  ད་རེས་ཕྱོགས་གཉིས་ཀྱི་དབར་མཛའ་འབྲེལ་ཤུགས་ཆེ་ཡོད་པའི་རྣམ་པ་ཐོན་པ་ནི་མ་འོངས་ལོ་ངོ་བརྒྱ་ཕྲག་གཅིག་གི་ནང་དུ་ཕན་ནུས་ལྡན་པའི་འབྲེལ་བ་ཞིག་འཕེལ་རྒྱུ་འགོ་ཚུགས་པ་དང་།  རྒྱ་གར་ངོས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།   སྲིད་བློན་མོ་དྷི་མཆོག་གིས་རྒྱ་གར་ནི་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་དང་མང་གཙོའི་རྒྱལ་ཁབ་ཆེ་ཤོས།  ཆོས་ལུགས་ཚང་མའི་ནང་ཁྱིམ་ཡིན་པ། དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་ ༥ པ་ཡིན་པ།  མི་འབོར་ཁྲོད་མི་རབས་གསར་པ་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་བཅས་ཀྱིས།  རྒྱ་གར་ལ་ཡར་རྒྱས་བྱུང་ན་འཛམ་གླིང་སྤྱིའི་ཡར་རྒྱས་ཤིག་ཡིན་པ་གསུངས་པ་དང་སྦྲགས།  རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ནང་དུ་རྒྱལ་སྲུང་གི་ཐོག་ཨ་རི་དང་མཉམ་སྦྲེལ་བྱེད་རྒྱུའི་ཐད་གྲོས་མོལ་ལྷུག་པོ་བྱུང་པ་གསུངས་ཏེ།  རྒྱ་ནག་ཅེས་དངོས་སུ་མིང་འབོད་བྱས་མེད་ཀྱང་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་འདིས་གོ་ལའི་ཐབས་བྱུས་ཀྱི་དམིགས་འབེན་ཞིག་རྒྱ་ནག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org