འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་གོད་ཆགས།
འཛམ་གླིང་གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པའི་རྐྱེན་གྱིས་ཨོ་སི་ཀྲོ་ལི་ཡའི་ནང་ད་བར་བྱུང་མྱོང་མེད་པའི་ཆུ་ལོག་བརྒྱབ་ཡོད་སྐོར།
-
2011-01-12 -
-
-
༄༅༎འཛམ་གླིང་གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པ་དེས་ཕལ་ཆེར་དབྱར་ཁའི་ནམ་དུས་ཀྱི་ཆར་ཞོད་ཆེ་རུ་ཕྱིན་ནས་ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་ཁུའིན་སི་ལེན་དྲི་ནང་ད་བར་བྱུང་མྱོང་མེད་པའི་ཆུ་ལོག་བརྒྱབ་ཡོད་པ་དང༌། ད་དུང་ཟླ་བ་འགའ་ཤས་རིང་ཆར་པ་མུ་མཐུད་འབབ་རྒྱུ་དང་རླུང་འཚུབ་སོགས་རྒྱབ་རྒྱུ་ཡིན་སྐོར་དེ་རིང་ཚན་རིག་པ་ཚོས་གསུངས་བཞག།
གྲོང་ཁྱེར་སི་དྲི་ནི་ནང་ཡོད་པའི་ནིའུ་སའོཐ་ལྦེལ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་གནམ་གཤིས་འགྱུར་བའི་ཞིབ་འཇུག་ལྟེ་གནས་ཁང་གི་ལས་བྱེད་མེ་ཐིའུ་ཨིང་ལེན་དྲི་ཡིས་ཁུའིན་སི་ལེན་དྲི་ཁུལ་ཆར་པ་ཤུགས་ཆེ་འབབ་པ་དེ་ནི་འཛམ་གླིང་སྤྱིའི་གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པར་མང་ཚོགས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད་སྐོར་གསུངས་ཏེ། ཨོ་སི་ཀྲོ་ལི་ཡའི་མཐའ་ལ་ཡོད་པའི་རྒྱ་མཚོའི་ནང་གི་ཆུའི་དྲོད་ཚད་དེ་སྔོན་ལས་མཐོ་བ་ཡོད་སྟབས། ཁུའིན་སི་ལེན་དྲི་དང་ཨོསི་ཏྲེ་རི་ལི་ཡའི་བྱང་ཕྱོགས་ཁུལ་དུ་ཆར་པ་མང་བ་འབབ་ནས་ཆུ་ལོག་གི་ཉེན་ཚབས་བཟོ་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག།
ཟླ་བ་སྔོན་མ་ཁུའིན་སི་ལེན་དྲི་ནང་ཆར་པ་ཆེན་པོ་མུ་མཐུད་འབབ་ནས་མི་གྲངས་༡༦ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཚད༌། མངའ་ཁུལ་དེའི་གྲོང་ཚོ་ཁག་ཆུ་འོག་ཚུད་པ་དང༌། རྡོ་སོལ་བསྔོག་འདོན་གྱི་ལས་གྲྭར་བར་ཆད་བཏང་་བ་སོགས་ཆུ་ལོག་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།
ཚན་རིག་པ་ཚོས་སའི་གོ་ལའི་ཚ་དྲོད་རྒྱས་པ་ཡིན་ན། འཛམ་གླིང་ནང་ཚབས་ཆེའི་ཐན་པ་བསྟེན་པ་དང༌། ཆུ་ལོག་སོགས་ཀྱི་འཇིགས་པ་ཡོང་རྒྱུའི་ཚོད་དཔག་གནང་གི་ཡོད་པ་བཞིན་། གནམ་གཤིས་འགྱུར་ལྡོག་གིས་འཛམ་གླིང་གི་ས་ཁུལ་མང་པོའི་ནང་རང་བཞིན་འབྱུང་བའི་གོད་ཆག་འདྲ་མིན་ཡོང་རྒྱུའི་འཇིགས་སྣང་ཡོད་པ་རེད།