ལོ་གཅིག་ཙམ་གྱི་རྗེས་སློབ་གྲྭ་ཁག་རིམ་བཞིན་འཚོགས་གཏན་འཁེལ་བ།
ཏོག་དབྱིབས་རིམ་ནད་ཁྱབ་གདལ་བཀག་སྡོམ་གྱི་འོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཚོགས་མཚམས་བཞག་ན་ཡང་ད་ཆ་རིམ་པས་སློབ་གྲྭ་འཚོགས་གཏན་འཁེལ་ཡོད་འདུག
- 2021-02-19
-
-
-
Your browser doesn’t support HTML5 audio
འཛམ་གླིང་ནང་ཀོ་ཝིཌ་༡༩ ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་རྐྱེན་པས་གོད་ཆགས་ཚབས་ཆེ་བྱུང་བའི་དུས་ཡུན་ལོ་གཅིག་ཙམ་རིང་འཛམ་གླིང་ཡུལ་གྲུ་མང་པོའི་ནང་མང་ཚོགས་འདུ་འཛོམས་མི་ཆོག་པ་དང་། སློབ་གྲྭ་བསྐོང་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཤིང་། སློབ་ཕྲུག་གི་ཤེས་ཡོན་ཐད་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
འོན་ཀྱང་ད་ཆ་རྒྱ་གར་ལྟ་བུར་མཚོན་ན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྣམ་པ་ཡོད་པ་དང་དུས་མཚུངས་སློབ་གྲྭ་ཁག་ཀྱང་རིམ་པས་འཚོགས་རྒྱུའི་འཆར་གཞི་བཟོ་བཞིན་ཡོད་ལ། རྒྱ་གར་ནང་གི་བོད་པའི་སློབ་གྲྭ་དེ་དག་ཀྱང་མགྱོགས་མྱུར་འཚོགས་འཆར་ཡོད་འདུག
དཔེར་ན་བོད་ཕྲུག་ཁྱིམ་སྡེའི་འོག་གི་སློབ་ཕྲུག་རྣམས་ཕྱི་ཟླ་ ༣ ཚེས་ ༡ དང་ ༡༡ ཚེས་༢༣ བཅས་འབྱོར་དུས་སོ་སོར་འབྱོར་དགོས་པ་དང་། འབྱོར་དུས་སོ་སོའི་དབྱེ་མཚམས་ཀྱི་ཐོག་ནས་སློབ་གྲྭར་འབྱོར་བའི་རྗེས་བདུན་ཕྲག་གཅིག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་ནས་རིམ་བཞིན་འཛིན་གྲྭ་འགོ་འཛུགས་བྱ་རྒྱུ་ཡིན་པ་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་ཆོས་དབྱིངས་དོན་འགྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ཡང་ཕྱོགས་མཚུངས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་བདག་ལགས་ཀྱིས། ལོ་གཅིག་རིང་སློབ་གྲྭ་ཚོགས་ཐུབ་མེད་པའི་སྐབས་དྲ་ལམ་ནས་སློབ་ཁྲིད་བྱས་ཡོད་ཀྱང་སློབ་གྲྭ་དངོས་སུ་ཚོགས་པ་དང་འདྲ་ཡག་མེད་པར་སོང་། ད་ཆ་སློབ་གྲྭ་བསྐྱར་དུ་འགོ་བཙུགས་ཐུབ་པ་འདི་གཏམ་བཟང་ཡིན་པ་དང་། སློབ་གྲྭའི་ངོས་ནས་རྒྱ་གར་མངའ་སྡེ་གཞུང་གི་ལམ་སྟོན་གཞིར་བཟུང་ཟུར་བཀག་བྱ་ཡུལ་དང་། རིམས་ནད་འགོས་ཁྱབ་ཡོད་མིན་རྟགས་དཔྱད་བྱ་ཡུལ་ཆ་ཚང་གྲ་སྒྲིག་འཐུས་ཚང་ཞུས་པ་ལྟར་བཀའ་ཁྲོལ་ཐོབ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀར་འཛིན་སྐྱོང་འོག་གི་སམ་བྷོ་ཊའི་ཁྱབ་ཁོངས་འཛིན་རིམ་བཅུ་པ་དང་བཅིུས་གཉིས་འགོ་འཛུགས་ཟིན་ཞིང་། གཞི་རིམ་འོག་མའི་སློབ་གྲྭ་ཁག་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནང་ཡོད་སྟབས། མངའ་སྡེ་གཞུང་སོ་སོའི་སློབ་གྲྭ་ཚོགས་ཕྱོགས་གི་ལམ་སྟོན་གཞིར་བཟུང་ལག་བསྟར་བྱེད་དགོས་པ་ལས་སམ་བྷོ་ཊའི་འཛིན་སྐྱོང་གི་ཐོག་ནས་སྤྱི་ལ་ཁྱབ་པའི་ལམ་སྟོན་བྱ་རྒྱུ་ཁག་པོ་ཡིན་པ་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་འགྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།