ས་མཚམས་ཞི་འགྲིག་གི་གྲོས་མཐུན་ལ་རྩིས་མེད་ཀྱིས་རྒྱ་ནག་གིས་མུ་མཐུད་འཕགས་བོད་ས་མཚམས་སུ་འཛུགས་སྐྲུན་བྱེད་བཞིན་པ་སྲུང་སྐར་དཔར་རིས་ནང་གསལ་སྟོན་བྱུང་པ།
ས་མཚམས་ཞི་འགྲིག་གི་གྲོས་མཐུན་ལ་རྩིས་མེད་ཀྱིས་རྒྱ་ནག་གིས་མུ་མཐུད་འཕགས་བོད་ས་མཚམས་སུ་འཛུགས་སྐྲུན་བྱེད་བཞིན་པ་སྲུང་སྐར་དཔར་རིས་བརྒྱུད་གསལ་སྟོན་བྱས་འདུག
- 2024-12-27
-
-
-
འདས་པའི་ལོ་ལྔ་ཙམ་གྱི་གོང་ནས་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་རྩོད་རྙོག་དང་དམག་མིའི་དབར་ཐེངས་མང་གདོང་ཐུག་བྱུང་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་གར་བདེ་སྲུང་ལྷན་ཁང་གིས་ལོ་འཁོར་སྙན་ཐོ་སྤེལ་བའི་ནང་མེཀ་མོ་ཧན་ (McMohan Line) གྱི་ས་མཚམས་ཐད་ཕྱི་འབྲེལ་བརྒྱུད་དེ་ཕན་ཚུན་གཉིས་ཕན་གྱི་འདྲ་མཉམ་དང་བདེ་འཇགས་ཡོང་སླད་སྤྱི་ཡོངས་ཀྱི་ཆ་ནས་ཞི་འགྲིག་གིས་མོས་མཐུན་བྱུང་ཡོད་སྐོར་བཀོད་ཡོད་ལ། དེ་སྔོན་ཕྱི་ཟླ་ ༡༠ ནང་ས་མཚམས་སུ་རྩོད་རྙོག་ཆེ་བའི་ས་ཁུལ་འདེབས་ཕྱོགས་དང་སྡེ་པ་གཉིས་སུ་གཞི་འགྲིག་བྱས་ཏེ་སྐོར་ཞིབ་ཀྱི་གྲོས་མཐུན་བྱུང་ཡོད་པའི་ས་ཁུལ་དེ་དག་ཀྱི་ནང་། སྲུང་སྐར་ནས་བླངས་པའི་དཔར་རིས་ཤིག་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱིར་བསྒྲགས་བྱས་པར་གཞིགས་ན། རྒྱ་ནག་གིས་ས་ཁུལ་དེ་དག་ལ་རྒྱ་ལམ་སོགས་མུ་མཐུད་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་འདུག
གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ཝི་ན་ཡཀ་ སྦཊ་ (Vinayak Bhatt) ལགས་ཀྱིས། རྒྱ་ནག་ནི་ངོ་ཚ་ཁྲེལ་མེད་ཀྱི་རྫུན་གཏམ་གཤོད་མཁན་ཞིག་དང་ཁ་དན་ཚིག་ལ་མི་གནས་མཁན། དེ་བཞིན་རྒྱལ་སྤྱིའི་ཁྲིམས་དང་ས་མཚམས་ལ་བརྩི་བཀུར་མི་བྱེད་མཁན་ཞིག་ཡིན་ཞེས་དང་། ཉེ་ཆར་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་འཛུགས་འཆར་ཡོད་པ་དེར་ཡང་དམག་དོན་གྱི་ཤུགས་རྐྱེན་ཡོད་པས། རྒྱ་ནག་ངོས་ནས་ཁ་ཙམ་ཚིག་ཙམ་གྱི་སྐད་ཆ་གཤོད་པ་ཙམ་ལས་ལས་དོན་དངོས་སུ་ལག་བསྟར་བྱེད་པའི་ཐད་གོམ་པ་མདུན་བསྐྱོད་བྱ་དགོས་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཕྱི་ལོ་ ༢༠༢༠ ནས་བཟུང་རྒྱ་དཀར་ནག་གཉིས་ཀྱིས་ལ་དྭགས་ཀྱི་གྷལ་ཝན་ཡུལ་གཤོངས་ས་ཁུལ་དུ། ཕྱོགས་གཉིས་ཀྱི་དམག་དཔུང་བར་གདོང་ཐུག་དང་དམག་མི་ཤི་སྐྱོན་བྱུང་པ་སོགས་ཡུན་རིང་རྩོད་རྙོག་ནང་ལྷག་པ་སོགས་བྱུང་ཡོད་པའི་ཁར། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་གར་གྱི་སྲིད་བློན་ན་རནདྲ་མོ་དྷི་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད་མ་བྱུང་གོང་ཞི་འགྲིག་གྲོས་མོལ་གྱི་ལམ་ཁ་འགོ་བཙུགས་ཡོད་པ་དང་། དེ་ནས་རིམ་པས་ཕྱི་སྲིད་བློན་ཆེན་སོགས་ཀྱི་བརྒྱུད་ས་མཚམས་ཞི་འགྲིག་ཐད་གྲོས་མོལ་བྱུང་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།