སློབ་གཉེར་བ་ཡོངས་ནས་རྩོམ་རིག་སློབ་སྦྱོང་བརྒྱུད་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ཐ་དད་ཡིན་པ་གསལ་པོར་སྒྲུབ་ཐུབ་པ་བཟོ་དགོས་གལ་ཆེ་བ་ཡིན་ཞེས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་པ།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༦ འཁོར་བའི་ཉིན་མོ།
- 2024-08-13
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༦ འཁོར་བའི་ཉིན་མོ་དང་བསྟུན། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་ལྔ་པའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པ་དང་སྐབས་བཞི་པའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། སློབ་གཉེར་བ་ཡོངས་ནས་རྩོམ་རིག་སོགས་ཀྱིས་བརྒྱུད། རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཐ་དད་ཡིན་པ་གསལ་པོ་སྒྲུབ་ཐུབ་པ་བཟོ་དགོས་གལ་ཆེ་བ་ཡིན་ཞིང་། བོད་ནང་གནས་བཞུགས་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱ་རྒྱུའི་རང་དབང་མེད་པ་དེ་བཞིན། བཙན་བྱོལ་གནས་སྡོད་སློབ་མ་རྣམས་ནས་དེ་ལྟར་དྲན་པའི་སྒོ་ནས་སློབ་སྦྱོང་ལ་ཧུར་ཐག་གིས་རིག་གཅིག་རྐང་འཛིན་ཞིག་ཆགས་ཐུབ་རྒྱུའི་ཀུན་སློང་དགོས་པ་གསུངས་སོང་།
ཐེངས་འདིར་སྐབས་ལྔ་པའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་མ་གྲངས་ ༧ དང་རྩོམ་རིག་གཙུག་ལག་རམ་འབྱམས་པའི་སློབ་མ་གྲངས་ ༥ བཅས་ཁྱོན་འདི་ལོར་ས་རཱ་མཐོ་སློབ་ནས་གཙུག་ལག་རམ་འབྱམས་པའི་སློབ་མ་གྲངས་ ༡༢ བསླབ་པ་མཐར་སོན་བྱུང་ཡོད་པ་རེད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མཐར་ཕྱིན་སློབ་མ་ཁག་གཅིག་ལ་སློབ་མཐར་སོན་པའི་ཚོར་བའི་སྐོར་འཀའ་འདྲི་ཞུས་པར། ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་སློབ་མ་བློ་བཟང་བཀྲ་ཤིས་ལགས་ཀྱིས། ཐེངས་འདིར་ཁོང་བསླབ་པ་མཐར་སོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང་གི་འདུག་ཀྱང་། མ་འོངས་པའི་མདུན་ལམ་ཐད་སེམས་ནང་དངངས་འཚབ་ཅུང་ཟད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་འབྲུག་རྒྱལ་ཁབ་ནས་ཡིན་པའི་རིག་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་སློབ་མ་དཀོན་མཆོག་བསོད་ནམས་ལགས་ཀྱིས། བོད་ཡིག་དེ་བཞིན་འབྲུག་གི་རིག་གཞུང་དང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་ཙང་ཁོང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཡིག་སློབ་གཉེར་ཆེད་ཕེབས་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག གཞན་ཡང་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་སློབ་མ་རྡོ་རྗེ་སྒྲོལ་མ་ལགས་ཀྱིས། ཐེངས་འདིར་ཁོ་མོ་སློབ་མཐར་སོན་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། མ་འོངས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ་གསུངས་བྱུང་།
རྩ་བའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་ཕྱི་ལོ་ ༡༩༩༨ ཟླ་བ་ ༨ པའི་ཚེས་ ༡༣ ཉིན་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་ལགས་ནས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་གསར་བཙུགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་གནང་ཡོད་ཅིང་། ད་ལྟའི་ཆར་སློབ་གཉེར་གནང་བཞིན་པའི་སློབ་མ་གྲངས་ ༢༣༣ དང་དགེ་ལས་ཁྱོན་ ༥༨ ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།