བོད་དོན་དམིཊ་བསལ་འབྲེལ་མཐུད་པ་བཞུཊ་སྒར་ལ་ཕེབས་རྒྱུ།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བོད་མིའི་སྒྲིག་འཛུགས་ཡོད་ས་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་ཀྱི་ཡོད་འདུག
-
2014-11-13 -
-
-
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བོད་མིའི་སྒྲིག་འཛུགས་ཡོད་ས་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་ཀྱི་ཡོད་འདུག
དེ་ཡང་ཨ་མི་རི་ཀའི་སྤྱི་ཚོགས་བདེ་འཇགས་དང་དམངས་གཙོ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དྲུང་ཆེ་སྐུ་གཞོན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Sarah Sewallམཆོག་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་བྱུང་མ་ཐག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པའི་ཁར་དེང་སྐབས་ཁོང་བལ་ཡུལ་དང་རྒྱ་གར་ནང་དུ་ཡོད་པའི་བོད་མི་བཙན་བྱོལ་བའི་གནས་སྟངས་གཟིགས་ཞིབ་ཆེད་དུ་འཚམས་འདྲིར་ཕེབས་ཡོད་པ་དང་། བལ་ཡུལ་དང་རྒྱ་གར་གཉིས་ནང་ཉིན་གྲངས་བརྒྱད་རིང་གི་འཚམས་འདྲི་གནང་རྒྱུའི་ཐོག་མར་ཕྱི་ཟླ་བཅུ་གཅིག་པའི་ཚེས་༩ ནས་བལ་ཡུལ་ནང་གི་འཚམས་འདྲིར་འགོ་བཙུགས་གནང་བ་མ་ཟད། ཉིན་གྲངས་བརྒྱད་རིང་འཚམས་འདྲི་དེའི་རིང་ལ་བལ་ཡུལ་དང་རྒྱ་གར་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ཏུ་གཟིགས་རྟོགས་གནང་བར་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད།
བལ་ཡུལ་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མིའི་ཚོའི་གནས་སྟངས་དཀའ་ངལ་ཡོད་པ་མ་ཟད། ལྷག་པར་དུ་༢༠༠༨ ནས་བཟུང་སྔར་བས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་དཀའ་ངལ་ཇེ་ཆེར་བཏང་བའི་རྐྱེན་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་པར་ངོས་འཛིན་བྱེད་པ་ལྟར། ད་རེས་ལྕམ་Sarah Sewallམཆོག་གིས་བལ་ཡུལ་གྱི་སྲིད་བློན་གཙོས་པའི་གཞུང་གི་གནད་དོན་དཔོན་རིགས་དང་མཇལ་འཕྲད་གནང་སྟེ་བོད་མི་སྐྱབས་བཅོལ་བ་ཚོའི་གནས་སྟངས་དང་ལྷག་པར་དུ་བོད་མིའི་ཐོག་འཛིན་པའི་དུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་གནད་དོན་ཐོག་བཀའ་བསྡུར་གནང་གནང་གྲུབ་པའི་རྗེས། ཕྱི་ཚེས་༡༤ ཉིན་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ། བཞུགས་སྒར་རྡ་རམ་ས་ལའི་འབྲེལ་ཡོད་ལྷན་ཁང་ཁག་དང་ལྷན་དུ་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཐོག་ལ་གྲོས་བསྡུར་གནང་རྒྱུ་མ་ཟད། ཨ་རིའི་གཞུང་གིས་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཨ་རིའི་ཊོ་ལར་ས་ཡ་གསུམ་དང་གྲངས་ཆུང་གཉིས་ཀྱི་རོགས་དངུལ་གནང་བའི་གསལ་བསྒྲགས་ཀྱང་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
འབྲེལ་ཡོད་གནས་ཚུལ་བསོད་ནམས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་ཞུས་པར་གསན་རོགས་ཞུ༎