སངས་རྒྱས་མཚོ་ལགས་ཀྱི་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ།

སངས་རྒྱས་མཚོའི་བཀག་ཉར་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་ཡོད་ན་ཡང་ཁོ་མོའི་གཟུགས་གཞི་ཧ་ཅང་སྐྱོ་པོ་ཆགས་སྟེ་གོམ་པ་སྤོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག

སངས་རྒྱས་མཚོ་སྐྱེ་རྒུ་མདོ་མི་མང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ། བོད་ཀྱི་དུས་བབ།

ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་རྒྱ་ནག་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོ་ནས། བོད་མི་ཀན་སྲི་དང་སངས་རྒྱས་མཚོ། དགྲ་འདུལ་བཅས་བོད་རིགས་གཞོན་ནུ་གསུམ་འཛིན་བཟུང་བྱས་ཏེ་སྐྱེ་རྒུ་མདོ་རུ་བཀག་སྐྱིལ་འོག་བཞག་ཡོད་ཀྱང་། འདི་ཚེས་༡༥ཉིན་སངས་རྒྱས་མཚོ་ལགས་ཀྱི་བཀག་ཉར་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོ་མོའི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཏེ། གོམ་པ་ཡང་སྤོ་མི་ཐུབ་པའི་གནས་སྟངས་འོག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་སྐོར། བཙན་བྱོལ་ནང་གནས་སྡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་ནས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། སངས་རྒྱས་མཚོ་ལགས་ནི་མཐོ་རིམ་སློབ་མ་ཞིག་ཡིན་པ་དང་། ཉིན་ཤས་སྔོན་ཁོང་གི་ཨ་ཕར་ཉེན་རྟོག་པས་ཁ་པར་འབྱོར་སྟེ། བུ་མོའི་བཙོན་བཀག་དུས་ཡུན་ཚང་ཡོད་པས་ལེན་དུ་ཡོང་དགོས་པའི་བརྡ་ལན་འབྱོར་བ་བཞིན་སྤུན་མཆེད་ཚོ་ལེན་དུ་ཕྱིན་པར། བུ་མོ་སངས་རྒྱས་མཚོ་སྐྱེ་རྒུ་ཞེན་ཟུང་མགྲོན་ཁང་ཟེར་བའི་ནང་ཉེན་རྟོག་སོགས་ཀྱི་རོགས་རམས་དང་ལྟ་སྐྱོང་གང་ཡང་མེད་པར་མོ་རང་གཅིག་པོར་བསྡད་ཡོད་པ་དང་། ཁོ་མོས་གཟུགས་གཞི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་མ་ཟད། གོམ་པའང་ལས་སླ་པོར་སྤོ་མི་ཐུབ་པའི་ནད་པ་ཞིག་ཏུ་བཏང་ཡོད་སྟབས། ནང་མི་ཚོས་སྐྱེ་རྒུ་མདོ་མི་མང་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
བུ་མོ་སངས་རྒྱས་མཚོ་ལགས་ནི་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ནང་གི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་ཐོག རྫ་རི་དཀར་མོའི་དགོང་ཚོགས་ཟེར་བ་ཞིག་གི་སྐད་འཕྲིན་ཚོགས་གཙོ་གསུམ་འཛིན་བཟུང་བྱས་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཁོང་གསུམ་ནང་ནས་དགྲ་འདུལ་ལགས་སུ་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྐང་པ་གཉིས་ཀ་བཅག་སྟེ། ནང་མི་ཚོར་དགྲ་འདུལ་ལགས་ལ་གཤག་བཅོས་ཤིག་བྱེད་དགོས་པས་མི་གཉིས་ལས་མི་མང་བ་ཞིག་ནས་རྒྱ་སྒོར་ཁྲི་ ༤ འཁྱེར་ནས་ཟི་ལིང་གི་སྨན་ཁང་གཉིས་པའི་ནང་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། ད་ལྟའི་ཆར་ཀན་སྲི་ལགས་ཀྱི་གནས་སྟངས་གསལ་ཁ་གང་ཡང་མེད་པར་ཆགས་ཡོད་པ་རེད།
བུ་མོ་སངས་རྒྱས་མཚོ་ལགས་ནི་ད་ལྟ་ལོ་ན་༢༠འི་ནང་ཡིན་པ་དང་། ཁོ་མོ་རྒྱ་ནག་ཀང་ཏུང་ཞིང་ཆེན་གྱི་མཐོ་སློབ་ཅིག་གི་སློབ་མ་ཡིན་པ་དང་། ཀན་སྲི་དང་དགྲ་འདུལ། ཁོང་མོ་བཅས་སྐྱེ་རྒུ་མདོ་ཁུལ་ཁྲི་འདུ་རྫོང་རྫ་དམར་རུ་ཁག་དྲུག་པ་ནས་ཡིན་འདུག།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org