ཨ་རིའི་ནང་རྒྱ་མཚོའི་རླུང་འཚུབ་ཀྱི་གོད་ཆགས་ཐེབས་པ།
ཨ་རིའི་ཤར་ཕྱོགས་མངའ་སྡེ་ཁག་ནང་རྒྱ་མཚོའི་རླུང་འཚུབ་ཤུགས་ཆེན་རྒྱབ་ནས་མི་གྲངས་ལྔ་བཅུ་ལྷག་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་ཁྲོད་གྲོང་ཁྱེར་ནིའུ་ཡོག་ནས་ཉུང་མཐར་ཡང་མི་གྲངས་༢༢ཙམ་རྐྱེན་འདས་སུ་ཕྱིན་འདུག
-
2012-10-31 -
-
-
གཟའ་ཟླ་བའི་ཉིན་རླུང་འཚུབ་ཀྱི་གནོད་འཚེ་ཤུགས་ཆེ་ཤོས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། ནིའུ་རྒྱར་སེ་ས་གནས་སུ་ཕོག་ཡོད་ཅིང་། ནིའུ་དབྱོག་གྲོང་ཁྱེར་གྱི་སྤྱི་ཁྱབ་Andrew Cuomo ཡིས་གསུང་ན་། ང་ཚོའི་མི་རབས་འདིའི་ནང་རླུང་འཚུབ་ཀྱིས་གནོད་འཚེ་ཕོག་ཡས་ཤུགས་ཆེན་པོ་དེ་འདྲ་མི་རབས་མང་པོའི་ནང་བྱུང་བ་ཐོག་མ་རེད་ཅེས་གསུང་འདུག་ ནིའུ་དབྱོག་གྲོང་ཁྱེར་གྱི་ས་འོག་རི་ལོའི་ལྕགས་ལམ་ཆུས་ཁེངས་ཏེ་ སྒོ་རྒྱབ་དགོས་བྱུང་ཡོད་པ་མ་ཟད་ ནིའུ་དབྱོག་གྲོང་ཁྱེར་གྱི་གནམ་ཐང་གཙོ་བོ་ཁག་ཀྱང་གནམ་ཐང་ཆུས་ཁེངས་ནས་སྒོ་རྒྱབ་དགོས་བྱུང་ཡོད་པ་དང་ ཉུང་ཐར་ཡང་གནམ་གྲུ་ཁྲི་གཅིག་དང་བརྒྱད་སྟོང་ལྷག་ཙམ་འཕུར་བསྐྱོད་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད་། དེ་བཞིན་ནིའུ་དབྱོག་གྲོང་ཁྱེར་གྱི་ས་གནས་མང་པོར་གློག་ཆད་ནས་ཉུང་མཐར་ཡང་ཉིན་གསུམ་བཞི་ཙམ་ནང་མ་གཏོགས་གློག་གཏོང་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། ལྷག་པར་དུ་ནིའུ་ཇོས་སེ་ས་གནས་དང་ནིའུ་དབྱོག་གྲོང་ཁྱེར་བར་འགྲོ་བསྐྱོད་བྱེད་མཁན་གྱི་རི་ལི་མཚམས་འཇོག་བྱས་ནས་། ཉིན་གྲངས་བདུན་ནས་བཅུའི་ནང་ཚུད་མ་གཏོགས་རི་ལིའི་རྒྱུན་ལྡན་ལྟར་བསྐྱོད་ཐུབ་ཀྱི་མེད་པ་འགྲེལ་ཡོད་དཔོན་རིགས་ནས་འགྲེལ་བརྗོད་གནང་ཡོད་འདུག ཨ་རིའི་ནུས་པའི་འབྱུང་ཁུངས་ལས་ཁང་གིས་འགྲེལ་བརྗོད་བྱས་པ་ལྟར་ན་། ད་ལྟའི་ཆར་ཨ་རིའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ནས་མི་ཚང་ཁྲི་དྲུག་བརྒྱ་ལྷག་ཙམ་གློག་ཆད་ཡོད་པ་རེད་། ཨ་རིའི་སྲིད་འཛིན་ཨོའོ་བ་མ་ཡིས་ཉིན་གསུམ་རིང་གི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་ཁག་མཚམས་འཇོག་བྱས་ནས་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཡུལ་དུ་གཟིགས་ཞིབ་གནང་བར་ཕེབས་ཀྱི་ཡོད་པ་དང་། གཟའ་ལྷག་པའི་ཉིན་གྲོང་ཁྱེར་ནིའུ་དབྱོག་གི་གནམ་ཐང་དང་། གཞུང་གི་ལས་ཁུངས་སློབ་གྲ་ཁག་ཅིག་བསྐྱར་གསོ་བྱུང་ཡོད་པའི་ཁར་ གྲོང་ཁྱེར་ནིའུ་ཡོག་གི་མ་རྐང་ཁྲོམ་ར་ཁག་ཅིག་ཡང་ཚོང་ལས་སྤེལ རྒྱུ་འགོ་ཚུགས་བྱས་ཡོད་ན་ཡང་། ད་དུང་ཡང་ཁྱིམ་ཚང་མང་པོ་གློག་མེད་པའི་དཀའ་ངལ་འོག་གནས་མུས་ཡིན་འདུག
ཨ་རིའི་རྒྱལ་སའི་ཁུལ་དུ་ཡང་བྱེ་མའི་རླུང་འཚུབ་དེའི་རྐྱེན་ས་སྟེང་ས་འོག་གི་འགྲིམ་འགྲུལ་ཚང་མ་མཚམས་འཇོག་གིས་སློབ་གྲ་དང་ཁྲོམ་ར། དབུས་གཞུང་གི་ལས་ཁུངས་ཡོངས་རྫོགས་ཉིན་གཉིས་རིང་འགོ་རྒྱབ་ཡོད་པ་ལྟར་འདི་ག་རླུང་འཕྲིན་ཁང་ཡང་གནས་ཚུལ་དུས་ཐོག་རྒྱང་བསྲིངས་བྱེད་མཁན་མི་སྣ་གོ་སྒྲིག་གིས་ལས་ཁུངས་ལ་ཆེད་དུ་བསྡད་ནས་ལས་ཀ་བྱེད་དགོས་བྱུང་ཡོད།
ད་རེས་ཀྱི་རླུང་འཚུབ་འདིས་དཔལ་འབྱོར་གྱི་ཕྱོགས་ནས་ཉུང་མཐར་ཨ་སྒོར་ ཐེར་འབུམ་ལྔ་བཅུ་ལྷག་གི་གྱོང་བཟོས་ཡོད་པ་དང་། ཨ་རི་གཞུང་གིས་རླུང་འཚུབ་འདི་མཁའ་དབྱིངས་སུ་ཐོག་མར་ཆགས་དུས་ནས་ཧ་གོ་ཡོད་ཐོག་རིམ་པས་ཉེན་ཟོན་གྱི་གྲ་སྒྲིག་བྱས་སྟབས་རླུང་འཚུབ་ཀྱི་སྟོབས་ཤུགས་ལ་དཔག་ན་ཤི་གོད་ཀྱི་ཚད་གཞི་ཧ་ཅང་ཉུང་ཉུང་ཡིན་པ་རེད་འདུག