བོད་ནས་ཕེབས་པའི་ཆོས་ཞུ་བར་གསུང་བཤད།

བོད་གཞུང་བཀའ་བློན་ཁྲི་པ་མཆོག་ནས་ལྦར་ན་མཐོ་སློབ་ཀྱི་ཨ་ཏི་ཤ་ཚོགས་ཁང་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་གསུང་བཤད།

༄༅༎བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལྦར་ན་མཐོ་སློབ་ཀྱི་ཨ་ཏི་ཤ་ཚོགས་ཁང་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་གསུང་བཤད་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ཚེས་༡༢ཉིན་རྒྱབ་དུ་བོད་ནས་བཅར་བའི་ཆོས་ཞུ་བ་༡༨༠༠བརྒལ་བ་རྣམས་ལ་བཙན་བྱོལ་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་ཅིང་ བཀའ་བློན་ཁྲི་པ་མཆོག་ནས་ ཁྱེད་ཚོ་མཇལ་རྒྱུ་དང་འཚམས་དྲི་ཞུ་རྒྱུར་ཆེད་མངགས་ང་དང་ བཀའ་ཤག་གི་ལས་རོགས་བཀའ་བློན་རྣམ་པ་གཉིས་བཅར་བ་ཡིན་ ཐོག་མར་ཁྱེད་ཚོ་ཚང་མར་བཀའ་ཤག་དང་ བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ ང་རང་སྒེར་གྱི་ངོས་ནས་མཛའ་བརྩེ་དང་ལྡན་པའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ ཚང་མའི་དགོངས་པར་མངའ་གསལ་རེད་ བོད་ཆོས་ལྡན་ཞིང་གི་སྤྱི་ཚོགས་དེ་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་ལོ་༥༡ཕྱིན་པ་རེད་ ལོ་༥༡དེའི་རིང་མི་རབས་ལྟ་བ་བྱས་ན་མི་རབས་གསུམ་ཙམ་ཕྱིན་ཟིན་པ་རེད་ དེའི་རིང་བྱེས་འབྱོར་དང་གཞིས་བཞུགས་བོད་མིའི་བར་དམ་ཚིག་གི་གཟུངས་ཁམས་མ་ཉམས་པ་བྱས་ནས་གཟུགས་པོའི་ཐུག་འཕྲད་མེད་ན་ཡང་ བསམ་བློའི་ཆིག་སྒྲིལ་མ་ཉམས་པ་བྱས་ནས་སྡོད་ཐུབ་རྒྱུ་དང་ ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ནས་བཞུགས་ཐུབ་པ་དེ་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་དང་ རྨད་དུ་བྱུང་བའི་ཡོན་ཏན་ཞིག་རེད་བསམ་གྱི་ཡོད་ དེར་བརྟེན་གཞིས་བཞུགས་བོད་རིགས་ཚང་མར་ང་ཚོ་བྱེས་འབྱོར་གྱི་བོད་རིགས་ཚོའི་ངོས་ནས་རྗེས་སུ་ཡི་རངས་དང་དགའ་བའི་མངོན་འདོད་མ་ཉམས་པའི་ཐོག་ནས་དུས་རྟག་ཏུ་བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་པའི་མི་མང་ཚོ་ཡིན་པ་ངོས་འཛིན་ཞུས་ཏེ་ བློ་དད་མི་གཡོ་བ་བྱས་ནས་བསྡད་ཡོད་ བོད་ནང་བཞུགས་མཁན་གྱི་བོད་རིགས་ཚང་མས་ཀྱང་ དེ་བཞིན་བོད་རིགས་ཀྱི་ལ་ཞེན་དང་མཚན་ཐོངས་མ་ཉམས་པའི་ཐོག་ནས་སྐུ་ངལ་ཆེན་པོ་གང་འདྲ་ཞིག་བྱུང་ཡང་ གདོང་ལེན་བྱས་ནས་སྲོག་དང་ཤ་ཁྲག་གི་འགྲོ་གྲོན་གཏོང་དགོས་པ་དང་ སྲོག་དང་ལུས་ལ་ཉེན་ཁ་ཡོད་པའི་གནས་ཚུལ་དེ་ཚོའི་འོག་ནས་བོད་མི་རིགས་ཀྱི་རྣམ་པ་མ་བརླག་པ་བྱས་ནས་བདག་ཉར་བྱེད་ཐུབ་པ་དེ་ཁྱེད་རང་ཚོའི་ད་ཕན་གྱི་མི་རབས་དེ་ཚོའི་རླབས་ཆེན་གྱི་ཕྱག་རྗེས་གཅིག་དང་བྱས་རྗེས་བླ་ན་མེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་གསུང་བཤད་གནང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org