བོད་དང་ཝེཏ་ནམ་ནང་གི་ཆོས་དད་རང་དབང་སྐོར་བགྲོ་གླེང་ལྷན་ཚོགས་འཚོགས་རྒྱུ།

བོད་དང་ཝེཏ་ནམ་ནང་གི་ཆོས་དད་རང་དབང་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཨ་རིའི་རྒྱལ་སར་འཚོགས་རྒྱུ་ཡིན་འདུག

ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཡོངས་ཁྱབ་སྐུ་ཚབ་སྐུ་ཞབས་སེམ་ བརོཝན་བྷེཀ་(Sam Brownback) ལགས། བི་ཀི་པི་ཌི་ཡ།

༄༅༎ ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཡོངས་ཁྱབ་སྐུ་ཚབ་སྐུ་ཞབས་སེམ་ བརོཝན་བྷེཀ་(Sam Brownback) ལགས་ཀྱིས་བོད་དང་ཝེཏ་ནམ་གྱི་ནང་པའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་ད་རེས་སྤྱི་ཟླ་༦པའི་ཚེས་༢༧ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་དོན་ལྟར་ན། རིང་མིན་སྤྱི་ཟླ་༧པའི་ཚེས་༡༡ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཆོས་དད་རང་དབང་དང་། ཡང་ན་དད་པ་དང་འགྲོ་བ་མིའི་ཐོབ་ཐང་།  ཝིཏ་ནམ་དང་བོད་མིའི་ནང་ཆོས་འཇིགས་ཉེན་འོག་ཡོད་པ་ཟེར་བའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་དང༌། ལྷན་ཚོགས་དེའི་ནང་ཨ་མི་རི་ཀའི་ཕྱི་འབྲེལ་གྱི་སྲིད་བྱུས་ནང་ ཆོས་དད་རང་དབང་དང་དད་མོས་ཀྱི་གལ་གནད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་མཉམ་འབྲེལ་གནང་ཐབས་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། དམིགས་བསལ་ཝིཏ་ནམ་དང་བོད་མིའི་ནང་ཆོས་སྐོར་འབྲེལ་བརྗོད་གནང་རྒྱུ་ཡིན་པ་རེད་འདུག
ལྷན་ཚོགས་ཐོག་ཨ་རིའི་སྲིད་ཇུས་ ཇུས་འགོད་པ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་དང་། ཤེས་ཡོན་ཅན་གྱི་མི་སྣ་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག  ད་རེས་ཀྱི་ལྷན་ཚོགས་དེ་ནི་ཝིཏ་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སུ་འཚོགས་རྒྱུ་ཡིན་པ་རེད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཡོངས་ཁྱབ་སྐུ་ཚབ་སྐུ་ཞབས་ སེམ་ བརོཝན་བྷེཀ(Sam Brownback) ལགས་དང་། ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། འགན་འཛིན་གཞོན་པ་ཀི་རིས྄་ཊི་ནཱ་ཨ་རི གཱ(Kristina Arriaga) ལགས་དང་། བོད་ནང་སྐུ་འབུམ་དགོན་པའི་མཁན་པོ་ཟུར་པ་དང་དེང་སྐབས་ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་དང་སོག་པོའི་རིག་གཞུང་བསྟི་གནས་ཁང་གི་དབུ་འཛིན་ཨཀྱ་རིན་པོ་ཆེ་ལགས་དང་། ཨ་རིའི་Freedom House འམ་རང་དབང་གི་ཁང་པའི( Freedom House)་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ཚོགས་གཙོ་གཞོན་པ་ རོ་བརྚ་ཧར་མན(Robert Herman)ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ མ་ཊེ་ཡོ་ མི་ཀ་ཅི(Matteo Mecacci)ལགས་དང་། དེ་བཞིན་ཡོ་རོབ་དང་། ཨེ་ཤེ་ཡ།  ཨ་རི་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་དང་དོན་གཉེར་ཅན་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ ཨེ་ལན་ ལོ་ཝེན་ཐལ(Alan Lowenthal)མཆོག་དང་ཀིརྶི་སི་མིཏ(Chris Smith) མཆོག གྲོས་ཚོགས་ཀྱི་འཐུས་མི་ལྕམ་ ཛོའི་ ལོཕ་ གི་རིན(Zoe Lofgreen) མཆོག་བཅས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་ལུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བཞག།
གསར་འགོད་པ་ཚེ་དབང་ནོར་བུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org