གཞིས་བྱེས་ལྷ་ངམ་ཕུན་གསུམ་ལྷ་སྡེ་མི་སྡེ་ཡོངས་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
གཞིས་བྱེས་ལྷ་ངམ་ཕུན་གསུམ་ལྷ་སྡེ་མི་སྡེ་ཡོངས་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
- 2025-02-16
-
-
-
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༦ ཉིན་གཞིས་བྱེས་ལྷ་ངམ་ཕུན་གསུམ་གྱི་སེར་སྐྱ་མི་མང་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་རྣམ་རྒྱལ་ཚེ་མཆོད་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་གོང་མ་རིན་པོ་ཆེ་ནས་རྣམ་རྒྱལ་སྟོང་མཆོད་དེ་དམིགས་བསལ་ཞིག་ཡིན་པ་དང་གང་ཉིད་སྐུ་ཚེ་ཡུན་དུ་གནས་པའི་ཞལ་བཞེས་གནང་སོང་།
དེ་ཡང་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་བླ་ཆེན་རྣམ་པ་དང་དམིགས་བསལ་སྐུ་མགྲོན་རྣམ་པ། ལྷ་ངམ་ཕུན་གསུམ་གྱི་སྐུ་ཚབ་ཁག་གིས་སེར་ཕྲེང་བསྒྲིགས་ཏེ་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཕེབས་བསུ་ཞུས་པ་དང་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་གྲུབ་རྗེས་རྡོ་རྗེ་སློབ་དཔོན་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་རྣམ་རྒྱལ་ཚེ་མཆོད་ནས་བཟུང་། བརྟན་བཞུགས་ཀྱི་ཆོ་ག་རིམ་པ་གསུང་བསྐུལ་གནང་སོང་།
བརྟན་བཞུགས་སྐབས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་རྣམ་རྒྱ་སྟོང་མཆོད་དེ་དམིགས་བསལ་ཞིག་ཡིན་པ་དང་། དད་ལྡན་སེར་སྐྱ་མི་མང་ནས་ལྷག་བསམ་དང་དད་མོས་རྩེ་གཅིག་ཏུ་གནང་ཡོད་དུས་དེ་དག་གིས་ཐུགས་རྗེ་བྱིན་རླབས་གཡོ་བ་མེད་པ་ཞིག་ཡོང་གི་ཡོད་སྟབས། དེ་དག་གིས་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དབུས་བཞུགས་པའི་ཕྱོགས་དང་རིགས་སུ་མ་ཕྱེས་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་ཐམས་ཅད་སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་དཔག་མེད་ཀྱི་ངོ་བོ་བརྟན་ཞིང་བླ་མའི་ཆོས་སྲིད་ཀྱི་ཐུགས་རྗེ་མཐའ་དག་འགེགས་མེད་ལྷུན་གྱིས་འགྲུབ་དང་། དེ་དག་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་སྐུ་ཚེ་ཡུན་དུ་གནས་པའི་ཆ་རྐྱེན་དུ་གྲུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེསབཀའ་གནང་སོང་ལ། མཛད་སྒོའི་མཐར་ལྷ་ངམ་ཕུན་གསུན་གྱི་སྐུ་ཚབ་ཁག་གཅིག་ནས་རྟེན་འབྲེལ་མཚོན་ཆེད་དུ་སྙན་ངག་གྱེར་འདོན་དང་བསྟོད་གཞས་འབུལ་ཞུས་སོང་།
གྱ་སྟོན་བརྟན་བཞུགས་སུ་རྒྱལ་ཡུམ་མཆོག་དང་། ས་སྐྱ་འཁྲི་འཛིན་ཞེ་གསུམ་པ། ཁྲི་འཛིན་ཞེ་གཉིས་པ། དེ་བཞིན་གདུང་སྲས་རྣམ་པ་གཙོས་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་། མཁན་བླ་སྤྲུལ་རྣམ་པ། དེ་བཞིན་སེར་སྐྱ་མི་མང་མང་དག་མཉམ་ཞུགས་གནང་འདུག །
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།