དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་ས་སྐྱ་པ་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ།
སངས་རྒྱས་ཀྱི་བསྟན་པ་ཡུན་གནས་ཐུབ་རྒྱུར་བསྟན་འཛིན་གྱི་སྐྱེ་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་རྒྱུར་རག་ལས་པར་སོང་དཔལ་ས་སྐྱ་སྨོན་ལམ་ཚོགས་ཆུང་ནས་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
- 2023-12-27
-
-
-
Your browser doesn’t support HTML5 audio
ཟླ་བ་འདིའི་ཕྱི་ཚེས་༢༥ཉིན་དབུ་བཙུགས་ཀྱིས་ཉིན་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཐེངས་༣༢ འཚོགས་བཞིན་པ་དང་བསྟུན་ནས་ལོ་ལྟར་ནང་བཞིན་འདི་ལོ་ཟླ་བ་འདིའི་ཕྱི་ཚེས་༢༧ཉིན་སྨོན་ལམ་ཚོགས་ཆུང་ནས་ས་སྐྱ་པ་ཡོངས་ཀྱི་ཚབ་ཞུས་ཏེ་དཔལ་༸ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་གནང་མཛད་སོང་། དེའི་སྐོར་ས་སྐྱ་སྨོན་ལམ་ཚོགས་པའི་དྲུང་ཆེ་རྒན་བསོད་ནམས་རིན་ཆེན་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ངོ་སྤྲོད་གནང་སྐབས། ད་ལན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ལྷན་ཚོགས་དེའི་ཐོག་ས་སྐྱ་༸གོང་མ་ཁྲི་འཛིན་༤༣པ་དབུས་པའི་རྒྱ་བལ་ཡུལ་འབྲུག་གསུམ་གྱི་ནང་ཡོད་པའི་ས་སྐྱའི་དགོན་ཁག་༤༧གྱི་བླ་སྤྲུལ་དང་མཁན་པོ། གཞན་ཡང་དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒྱད་དགུ་ཡས་མས་ཞིག་ལྷན་འཛོམས་ཀྱི་ཐོག་གནས་བརྟན་ཕྱག་མཆོད་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐོར་གསུངས་ཡོད། ཡང་སྐབས་དེར་སུད་སི་ནས་ཕེབས་པ་བསོད་ནམས་སྟོབས་རྒྱས་ལགས་ཀྱིས་གསུང་ན། བསྟན་པ་རྒྱས་པ་དང་། དེ་བཞིན་བོད་དོན་བདེན་མཐའ་སེལ་ཐབས་སོགས་ཀྱི་ཆེད་དམིགས་ཏེ་བླ་མ་སྐུ་ཚེ་བརྟན་རྒྱུ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་གསུང་གནང་བྱུང་། དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ནི་གཙོ་བོ་འཛམ་གླིང་ནས་ནད་མུག་འཁྲུག་རྩོད་ཞི་བ་དང་འཕྲལ་ཡུན་རེ་འབྲས་གེགས་མེད་ཆོས་བཞིན་སྒྲུབ་རྒྱུ་སོགས་ལ་ཆེད་དམིགས་ཏེ་འཚོགས་གནང་གི་ཡོད་པ་རེད་འདུག དེ་མིན་གནས་མཆོག་རྡོ་རྗེ་གདན་དུ་དགུན་དུས་སུ་ཆོས་རྒྱུད་ཁག་གི་སྨོན་ལམ་ཚོགས་བཞིན་ཡོད་པ་ལྟར་འདི་ཚེས་༢༦ནས་དབུ་བཙུགས་ཀྱིས་དགེ་ལྡན་ཆོས་འཕྲུལ་སྨོན་ལམ་ཆེན་མོ་ཉིན་དྲུག་གི་རིང་འཚོགས་བཞིན་ཡོད་པ་རེད།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།