ས་རྭ་མཐོ་རིམ་སློབ་གཉེར་ཁང་བཙུགས་ནས་མི་ལོ༡༦ཟིན་པ།
སྲིད་སྐྱོང་མཆོག་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྐུ་མགྲོན་ལ་ཕེབས་ནས་གཏམ་བཤད་གནང་འདུག
-
2014-08-14 -
-
-
སྲིད་སྐྱོང་མཆོག་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྐུ་མགྲོན་ལ་ཕེབས་ནས་གཏམ་བཤད་གནང་འདུག
ས་རྭ་མཐོ་རིམ་སློབ་གཉེར་ཁང་དབུ་བཙུགས་གནང་ནས་ད་ལོ་ལོ་ངོ་༡༦འཁོར་གྱི་ཡོད་པ་དང་། ཕྱི་ཚེས་༡༤ཉིན་དུས་དྲན་གྱི་མཛད་སྒོ་ཞིག་ས་རྭ་མཐོ་སློབ་ཁང་གི་ཚོགས་ཁང་དུ་ཚུགས་ཡོད་ཅིང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་སོགས་སྐུ་མགྲོན་རྣམ་པ་དང་། དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་༤༠༠ལྷག་ལྷན་འཛོམས་ཐོག་རིག་ལམ་སློབ་གཉེར་ཁང་གི་སློབ་དཔོན་བགྲེས་པ་དགེ་བཤེས་རྒྱ་མཚོ་ལགས་དང་། ས་རྭ་བོད་ཀྱི་མཐོ་སློབ་ཁང་གི་སློབ་དཔོན་བགྲེས་པ་སྐུ་ཞབས་བསོད་ནམས་རྒྱལ་མཚན་ལགས་གཉིས་སུ་གཙུག་ལག་སློབ་དཔོན་གྱི་མཚན་གནས་ཕུལ་བ་དང་། རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་བགྲེས་པ་དགེ་བཤེས་བློ་བཟང་ཟླ་བ་ལགས་དང་། ས་རྭ་བོད་ཀྱི་མཐོ་སློབ་ཁང་གི་སློབ་དཔོན་བགྲེས་པ་བློ་གྲོས་དཔལ་བཟང་ལགས་གཉིས་ལ་ཉེ་བའི་གཙུག་ལག་སློབ་དཔོན་དུ་བསྐོ་བཞག་གནང་བ་མ་ཟད། ས་རྭ་བོད་ཀྱི་མཐོ་སློབ་ཁང་གི་ལོ་རྒྱུས་སློབ་དཔོན་སྐུ་ཞབས་སྟོབས་ལགས་སློབ་དཔོན་བགྲེས་པར་བསྐོ་བཞག་གནང་ཡོད་འདུག
དུས་དྲན་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་བའི་ནང་། དགེ་བཤེས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལྟར། སྐུ་ལས་ཚད་མེད་བསྐྱོན་ཏེ་རིགས་ལམ་སློབ་གཉེར་ཁང་གསར་བཙུགས་གནང་ཡོད་ཅིང་། མཐོ་སློབ་འདི་ནས་ ༧གོང་ས་མཆོག་གི་གསུང་སྒྱུར་ཞུ་མཁན་གྱིས་མཚོན་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་མཁན་གྱི་མི་སྣ་མང་དག་ཅིག་ཐོན་དང་ཐོན་མུས་ཡིན་པ་ནི་རྒན་དམ་པ་མཆོག་གིས་གཙོས་འདི་གར་རྒྱུན་རིང་ཕྱག་ལས་གནང་མཁན་དགེ་ལས་རྣམ་པའི་བཀའ་དྲིན་ཡིན་པར་བརྟེན་ནས་ཁོང་རྣམ་པར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་བཤད་གནང་འདུག
གསར་འགོད་པ་འཆི་མེད།