ས་ག་ཟླ་བའི་རིང་ལས་བྱེད་དང་སློབ་ཕྲུག་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག
ས་ག་ཟླ་བའི་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ལས་བྱེད་དང་སློབ་ཕྲུག་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་འདུག
-
2020-05-26 -
-
-
ས་ག་ཟླ་བའི་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ལས་བྱེད་དང་སློབ་ཕྲུག་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་འདུག
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས། འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ཕྱི་ཟླ་ལྔ་པའི་ཚེས་༢༣་ནས་བཟུང་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཡིན་པ་དང་། རྒྱ་ནག་གཞུང་གིས་སྔར་རྒྱུན་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་སློབ་ཕྲུག་དང་ལས་བྱེད། དེ་མིན་ལས་བྱེད་རྒན་ཡོལ་དུ་ཕེབས་ཟིན་པ་རྣམས་ས་ག་ཟླ་བའི་རིང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་ཆོག་གི་མེད་པར་་དམ་དྲག་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།
དེ་ནང་བཞིན་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཛ་དྲག་ཆེ་བའི་དུས་ཡུན་དེའི་ནང་། བོད་ནང་གི་སློབ་གྲྭ་ཁག་དུས་ཡུན་རིང་པོ་ཞིག་གི་རིང་སྒོ་རྒྱབ་ནས་རིམ་བཞིན་སློབ་གྲྭ་ཁག་སྒོ་ཕྱེ་ཡོད་ནའང་། ལྷ་སའི་ཁུལ་དུ་ཡོད་པའི་བུ་བཅོལ་ཁང་ཁག་ད་བར་སྒོ་ཕྱེ་མེད་པ་དེ་ཚོ་ཟླ་བ་འདིའི་ཚེས་༢༥་ཉིན་ནས་སྒོ་ཕྱེ་ཡོད་པ་ངོ་སྤྲོད་གནང་བྱུང་།
རྩ་བའི་ཆ་ནས་རྒྱ་ནག་གཞུང་གིས་བོད་ནང་རྒྱུན་དུ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་དམ་བསྒྲགས་མེད་ལུགས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་ནའང་དོན་དངོས་སུ་བོད་ནང་གི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་དམ་བསྒྲགས་ཤུགས་ཆེ་ཡོད་མུས་ཡིན་པ་གནས་ཚུལ་ངོ་སྤྲོད་པས་གསུང་གི་འདུག
ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་སྔོན་འགོག་གི་ལས་དོན་ཆེད་ཡུན་རིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་དགོན་སྡེ་ཁག་དང་། སྐོར་ལམ་ཁག་དེ་བཞིན་གནད་འགག་ཆེ་བའི་ས་ཁུལ་མང་པོ་ཞིག་ནང་འགྲོ་འོང་དམ་བསྒྲགས་བྱས་ནས་ཉེ་ལམ་སྒོ་ཕྱེ་ཡོད་པ་རེད།