ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་བྱེད་ཡུལ་རུའུ་བྷིན་འགྲེམས་སྟོན་ཁང་སྒོ་བརྒྱབ་སྟེ་འགྲེམས་སྟོན་གྱི་རྣམ་པར་འགྱུར་བ་གཏོང་བཞིན་ཡོད་འདུག

ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་བྱེད་ཡུལ་རུའུ་བྷིན་འགྲེམས་སྟོན་ཁང་སྒོ་བརྒྱབ་སྟེ་འགྲེམས་སྟོན་གྱི་རྣམ་པར་འགྱུར་བ་གཏོང་བཞིན་ཡོད་པ།

རུའུ་བྷིན་འགྲེམས་སྟོན་ཁང་གི་མདུན་དུ་བོད་ཕྲུག་ཚོས་འཁྲབ་སྟོན་གནང་བཞིན་པ། ཕྱི་ལོ་ ༢༠༡༦ ལོར། Rubin Museum

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠ ཚེས་ ༦ ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་ཤིང་། དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཧི་མ་ལ་ཡའི་སྒྱུ་རྩལ་རིག་གཞུང་ཉར་ཚགས་གནང་བར་བསྔགས་བརྗོད་གནང་མྱོང་ཡོད་པ། ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་བྱེད་ཡུལ་རུའུ་བྷིན(Rubin Museum)འགྲེམས་སྟོན་ཁང་གིས། ལོ་ངོ་ ༢༠ རྗེས་སུ་ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་གྱི་དངོས་བཅར་ལྟ་སྐོར་བྱེད་ཡུལ་འགྲེམས་སྟོན་ཁང་སྒོ་བརྒྱབ་སྟེ། འཛམ་གླིང་གི་འགྲེམས་སྟོན་ཁང་སྤྱི་མཚུངས་བཞིན་འགྲེམས་སྟོན་གྱི་རྣམ་པར་འགྱུར་བ་གཏོང་བཞིན་ཡོད་པ་དང་། འགྲེམས་སྟོན་ཁང་ངོས་ནས་མ་འོངས་པར་ཨ་རི་དང་། ཡུ་རོབ། ཨེ་ཤི་ཡ་གཙོས་པའི་ས་གནས་གང་སར་མཉམ་འབྲེལ་གྱིས། འཛམ་གླིང་གི་འགྲེམས་སྟོན་ཁང་སྤྱི་མཚུངས་ཀྱི་དཔེ་གཞི་ལྟར་སྐོར་སྐྱོད་དང་། འགྲུལ་བཞུད་སོགས་ཀྱི་ལམ་ནས། རུའུ་བྷིན་འགྲེམས་སྟོན་ཁང་གིས་མུ་མཐུད་ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

རུའུ་བྷིན་འགྲེམས་སྟོན་ཁང་ནི་ཕྱི་ལོ་ ༢༠༠༤ ལོར་སྐུ་ཞབས་ཊོ་ནལ་ཊི་རུའུ་བྷིན(Donald Rubin)ལགས་དང་། ཁོང་གི་སྐུ་ལྕམ་ཤི་ལེ་ཧྥི་རའོ་སི་ཊི་རུའུ་བྷིན་(Shelley Frost Rubin)ལགས་གཉིས་ནས་ཆེད་འཛུགས་གནང་བ་དང་། འགྲེམས་སྟོན་ཁང་དེ་སྒོ་འབྱེད་ཀྱིས་ཟླ་ཤས་རྗེས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲེམས་སྟོན་ཁང་དེར་གཟིགས་སྐོར་དང་འབྲེལ། སྐུ་ཞབས་རུའུ་བྷིན་ལགས་སུ་ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་དང་ཉར་ཚགས་བྱས་པར་ཐུགས་རྗེ་ཆེའི་བསྟོད་བསྔགས་གནང་མྱོང་ཡོད་པ་དང་། ཟླ་འདིའི་ཚེས་ ༦ ཉིན་འགྲེམས་སྟོན་ཁང་སྒོ་རྒྱག་རྒྱུའི་མཛད་སྒོ་ཞིག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་སྲང་ལམ་ ༡༧ པར་ཡོད་པའི་འགྲེམས་སྟོན་ཁང་མདུན་གྱི་ཁྲོམ་སྲང་དུ་ཚོགས་པའི་སྟེང་། ནེའུ་ཡོག་བོད་རིགས་ལྷག་དཀར་སྒོར་གཞས་རུ་ཁག་དང་། བོད་ཀྱི་གཞས་མ་བསྟན་འཛིན་ཟླ་གསལ་ལགས་དང་རིག་འཛིན་སྒྲོལ་མ་ལགས། བསྟན་འཛིན་སྒྲོལ་དཀར་ལགས་བཅས་ནས་བོད་ཀྱི་གཞས་སྣ་འཁྲབ་སྟོན་སོགས་བྱས་ཡོད་འདུག

Rubin Museum

འདི་ལོའི་ལོ་མགོར་འགྲེམས་སྟོན་ཁང་དེ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་བ་དང་མཉམ་དུ། འགྲེམས་སྟོན་ཁང་གི་འཛིན་སྐྱོང་འགན་འཛིན་(Jorrit Britschgi)ལགས་ནས། ང་ཚོས་ད་བར་འགྲེམས་སྟོན་དང་ལས་འཆར། འདུ་འཛོམས་སོགས་ཀྱི་རྣམ་པའི་ཐོག་ནས་འགྲེམས་སྟོན་བྱེད་ཐུབ་པར་སྤོབས་པ་བྱེད་ཀྱི་ཡོད་ལ། ལྟ་སྐོར་བ་མང་པོ་ཞིག་གིས་ང་ཚོའི་ཐུན་མོང་མ་ཡིན་པའི་འགྲེམས་སྟོན་ཁང་དེ་སེམས་གསོ་བྱེད་ཡུལ་དང་། མཐའ་ན་མི་ཚེར་འགྱུར་བ་གཏོང་ཡུལ་ཞིག་ཆགས་ཀྱི་ཡོད་པའི་སྐད་ཆ་བཤད་སོང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ལ། ང་ཚོའི་འགྲེམས་སྟོན་ཁང་གི་སྒྱུ་རྩལ་གྱིས་ང་ཚོ་ལ་འགྱུར་བ་ནི་རྒྱུན་མི་ཆད་པ་དང་ལྡོག་ཏུ་མེད་པ་ཞིག་ཡིན་པའི་བསླབ་བྱ་གནང་ཡོད་པས། ང་ཚོས་བསླབ་བྱ་དེ་ཡིད་ལ་བཟུང་ནས་འགྲེམས་སྟོན་ཁང་གི་དཔེ་གཞི་རྙིང་པར་བསྒྱུར་བཅོས་དང་། དུས་རབས་ཉེར་གཅིག་པའི་འགྲེམས་སྟོན་ཁང་ཞེས་པ་ནི་ག་འདྲ་ཞིག་ཡིན་པའི་སྐོར་ལ་བསྐྱར་ཞིབ་དང་གཏན་འབེབས་བྱེད་བཞིན་ཡོད་ཅེས་གསུངས་འདུག་ལ། གཞན་ཡང་འགྲེམས་སྟོན་ཁང་སྒོ་རྒྱག་རྒྱུའི་མཛད་སྒོ་དང་བསྟུན་སྒྱུ་རྩལ་བ་དང་ལྟ་སྐོར་བ་མང་པོས་མཉམ་འབྲེལ་ངང་།  རང་གི་སྨོན་འདུན་དང་སེམས་ཚོར་འབྲི་ཐུབ་སའི་དར་ཆ་འཐེན་པའི་ལས་གཞི་ཞིག་ཀྱང་གཉེར་ཡོད་པ་རེད་འདུག

Rubin Museum

ཐེངས་འདིར་རུའུ་བྷིན་འགྲེམས་སྟོན་ཁང་གི་དངོས་བཅར་འགྲེམས་སྟོན་སྒོ་བརྒྱབ་པར། དེ་སྔ་འགྲེམས་སྟོན་ཁང་དུ་སྒོམ་སྒྲུབ་དང་གཟིགས་སྐོར་གནང་མྱོང་མཁན་(Maria Paz Alegre)ཞེས་པ་ཞིག་གིས། སྤྱི་ཚོགས་དྲ་ལམ་(Instagram)སྟེང་དེ་རིང་ནས་བཟུང་རུའུ་བྷིན་འགྲེམས་སྟོན་ཁང་དངོས་སུ་སྒོ་བརྒྱབ་པར་སྐྱོ་སྣང་ཤུགས་ཆེར་བྱུང་ལ། འགྲེམས་སྟོན་ཁང་དེ་ནི་ནེའུ་ཡོག་ཏུ་ཡོད་པའི་ནང་པ་དང་ཧི་མ་ལ་ཡའི་འགྲེམས་སྟོན་ལྟེ་གནས་རིན་ཐང་ལྡན་པ་ཞིག་དང་། ང་རང་ལ་མཚོན་ན་དུས་རྒྱུན་དུ་འགྲེམས་སྟོན་ཁང་འདི་ལྟ་སྐོར་དང་སྒོམ་སྒྲུབ་སོགས་བྱས་མྱོང་ཡོད་ལ། ལྷག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་དང་། རང་ཉིད་ཀྱི་སེམས་ཚོར་རྩ་ནས་བོར་བརླགས་སུ་ཕྱིན་པའི་དུས་སྐབས་ནང་འགྲེམས་སྟོན་ཁང་དེའི་དྲ་ལམ་ཐད་གཏོང་ལ་བལྟས་པ་ཡིན། ལོ་ངོ་ཧྲིལ་པོ་ ༢༠ དེ་ལྟར་གནང་བར་ཐུགས་རྗེ་ཆེ་ཞེས་བྲིས་འདུག་ལ། ཡང་མིང་ལ་(Raagini Pareek)ཞེས་པ་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་འགྲེམས་སྟོན་ཁང་སྒོ་བརྒྱབ་པའི་མཛད་སྒོའི་པར་རིས་དང་མཉམ་དུ། ང་ལ་མཚོན་ན་མཐོ་རིམ་སློབ་གྲྭའི་ལོ་རྒྱུས་སྒྱུ་རྩལ་དགེ་རྒན་ཐོག་མ་དེ་རུའུ་བྷིན་སྒྱུ་རྩལ་འགྲེམས་སྟོན་ཁང་ནས་ཡིན་པ་དང་། འགྲེམས་སྟོན་ཁང་དེ་ནི་ང་རང་ལ་མཚོན་ན་ནེའུ་ཡོག་གྲོང་ཁྱེར་གྱི་ས་གནས་དགའ་ཤོས་ཤིག་ཡིན་པས། བདེ་མོ་འཇོག་རྒྱུ་དེ་དཀའ་ཁག་ཆེན་པོ་ཞིག་ཡིན་པ་མ་ཟད། ནེའུ་ཡོག་གྲོང་ཁྱེར་ལ་མཚོན་ན་ལྟེ་གནས་ཁང་དེ་མེད་པས་ཚོར་སྣང་མི་འདྲ་བ་ཞིག་ཡོང་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

འགྲེམས་སྟོན་ཁང་དེས་གཙོ་བོ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གཙོས་འཛམ་གླིང་གི་འགྲེམས་སྟོན་ལྟ་སྐོར་བ་རྣམས་ལ། བོད་དང་ཧི་མ་ལ་ཡའི་རི་མོ་དང་པར་རིས་སྒྱུ་རྩལ་འགྲེམས་སྟོན། རི་མོ་དང་པར་རིས་ལམ་ནས་ཡུལ་དུས་ཀྱི་རིག་གཞུང་གི་འགྱུར་བར་དཔྱད་ཞིབ་དང་། བོད་མཐོ་སྒང་གི་ནང་པའི་རི་མོའི་བརྩམས་ཆོས་རྣམས་བསྡུ་རུབ་བྱས་ཏེ། འགྲོ་བ་མིའི་འཕེལ་འགྱུར་གྱི་ཆོས་ཉིད་གནས་སྟངས་ལ་རྒྱུས་ལོན་དང་། ཧི་མ་ལ་ཡའི་རི་མོའི་སྒྱུ་རྩལ་ནུས་པ་གསལ་སྟོན་དང་གོ་རྟོགས་སྤེལ་བ་སོགས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རུའུ་བྷིན་འགྲེམས་སྟོན་ཁང་དང་(Brooklyn)འགྲེམས་སྟོན་ཁང་གཉིས་མཉམ་འབྲེལ་ངང་། བོད་ལུགས་བཟོ་སྐྲུན་གྱི་ནང་པའི་མཆོད་ཁང་ཞིག་འགྲེམས་སྟོན་གནང་ཡོད་འདུག་ལ། མཆོད་ཁང་འགྲེམས་སྟོན་དེ་ནི་རུའུ་བྷིན་འགྲེམས་སྟོན་ཁང་གི་གྲགས་ཆེ་ཤོས་ཀྱི་འགྲེམས་སྟོན་དངོས་པོ་ཆགས་ཀྱི་ཡོད་པ་དང་། རྩ་བས་འགྲེམས་སྟོན་ཁང་དེར་འདས་པའི་ལོ་ངོ་ ༢༠་རིང་མི་གྲངས་ས་ཡ་ ༡ ལྷག་གིས་གཟིགས་སྐོར་གནང་བ་སོགས་བྱུང་ཡོད་པ་རེད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org