རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་རྒྱུར་ཟླ་གཅིག་ལྷག་ལས་མེད་ཀྱང་ཁོང་གང་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་བྱེད་ཀྱི་མེད་འདུག
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་རྒྱུར་ཟླ་གཅིག་ལྷག་ལས་མེད་ཀྱང་ཁོང་གང་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་བྱེད་ཀྱི་མེད་འདུག
- 2024-10-15
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢ ཉིན་ནས་བཟུང་། བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་གིས། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་ཁོང་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་བཞིན། ད་ལྟའི་ཆར་དེ་སྔ་ཁོང་བཀག་ཉར་བྱས་པའི་དུས་ཡུན་ཚུད་པའི་ལོ་བཞིའི་དུས་ཡུན་ཚང་རྒྱུར་ཟླ་བ་གཅིག་དང་ཉིན་ ༡༦ ཙམ་ལས་མེད་ན་ཡང་། རྒྱ་ནག་གཞུང་གིས་ད་དུང་ཁོང་གང་དུ་ཡོད་མེད་དང་ཀློད་གྲོལ་གཏོང་མིན་སོགས། ཁོང་གི་ནང་མི་ཉེ་འབྲེལ་དང་དགོན་པ་སོགས་ལ་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ། བོད་ཕྱི་ནང་གཉིས་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ཁོང་འཛིན་བཟུང་བྱས་པ་ནས་བཟུང་ས་གནས་གང་དུ་ཁྲིད་ཡོད་མིན་དང་། ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མིན། ད་ལྟའི་ཆར་ཁོང་གི་འཕྲོད་བསྟེན་གནས་བབ་སོགས་གསལ་ཁ་གང་ཡང་བྱུང་མེད་པ་དང་། ཉེ་སྔོན་ཟླ་ ༡༠ པའི་ཚེས་མགོར་ཁོང་གི་འབྲེལ་ཡོད་ཚོས་རེབ་གོང་གི་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་བརྒྱུད། ཁོང་ལ་ཅ་དངོས་ཤིག་བསྐུར་བར། རྗེས་སུ་ཅ་དངོས་སྐུར་སའི་ཁ་བྱང་ངོས་སུ་ལྷ་སའི་འབྲེལ་ཡོད་ལས་ཁུངས་ཤིག་ལ་བསྐུར་ཡོད་པ་ཤེས་རྟོགས་བྱུང་བ་ལས། རྒྱ་ནག་གཞུང་ངོས་ནས་ཁོང་གི་ནང་མི་ཉེ་འབྲེལ་ཚོར་དགེ་འདུན་ལྷུན་གྲུབ་སྐོར་ནས་ཞིབ་ཕྲའི་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་མ་ཟད། ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཙམ་ཡང་གསལ་བཤད་དང་འགྲེལ་བརྗོད་བྱས་མེད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་གིས་ལོ་གཅིག་རྗེས་སུ། ཟི་ལིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བགྱིས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་དང་། ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཅད་ཡོད་ན་ཡང་། ཁྲིམས་ཆད་གཅོད་སྐབས་ནང་མི་འབོད་འགུག་གིས་ཉན་ཞིབ་བྱེད་བཅུག་མེད་པ་མ་ཟད། ཁྲིམས་ཀྱི་འགྲོ་རིམ་བཞིན་ཁྲིམས་ཐག་བཅད་པའི་བརྡ་ལན་དང་ཡིག་ཆ་སོགས་གང་ཡང་སྤྲད་མེད་པ་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས། རྒྱ་ནག་གཞུང་གིས་གསལ་ཁ་མེད་པ་དང་ཁྲིམས་ཀྱི་འགྲོ་ལུགས་ཞིབ་གསལ་མེད་པའི་གནས་སྟངས་འོག་བོད་ནང་གི་རྩོམ་པ་པོ་དགེ་འདུན་ལྷུན་གྲུབ་གཙོས་ཆབ་སྲིད་བཙོན་པ་སྤྱི་ཡོངས་ལ་དྲང་བདེན་གྱི་ཁྲིམས་གྱི་འགྲོ་རིམ་མེད་པའི་དཀའ་ངལ་ཡོང་བཞིན་པ་དེ་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གྲྭ་པ་བྱས་ཏེ་རེབ་གོང་དར་ཞིང་དགོན་དུ་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་བྲང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ནས་སྙན་ངག་གསར་རྩོམ་ལ་ཞུགས་ཏེ་རྐང་གླིང་སྐྱ་བོ་དང་ལྷ་ཆེན་པོའི་སྙན་ངག ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་པོ་སོགས་བརྩམས་ཆོས་དེབ་ཁག་ཅིག་སྤྱི་ཚོགས་ཁྲོད་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་ཤེས་ཡོན་པའི་སྡེ་ནས་ཁོང་གི་སྙན་ངག་དང་རྩོམ་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།