རིག་འཛིན་དབང་ཕྱུག་ལ་གསེར་གྱི་རྟགས་མ་ཐོབ་འདུག
རིག་འཛིན་དབང་ཕྱུག་ལ་ཟི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཐེངས་༡༤་པའི་ཐོག་གསེར་གྱི་རྟགས་མ་ཐོབ་འདུག
-
2014-11-12 -
-
-
རིག་འཛིན་དབང་ཕྱུག་ལ་ཟི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཐེངས་༡༤་པའི་ཐོག་གསེར་གྱི་རྟགས་མ་ཐོབ་འདུག
དེ་ཡང་ཟི་ཁྲོན་ཞིང་ཆེན་གྱི་ཡས་པིན་གྲོང་ཁྱེར་ནང་། འདི་ཟླའི་ཚེས་༤་ནས་༩་བར་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཐེངས་༡༤་དེ་བྱས་པ་དང་། འགྲན་བསྡུར་དེའི་ནང་ཟི་ཁྲོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་ཁག་༡༢་དང་། ལྷོ་ནུབ་མི་རིགས་སློབ་ཆེན་དང་ཁྲིན་ཏུའུ་ལུས་རྩལ་སློབ་གླིང་བཅས་ནས་གྲངས་ཉུང་མི་རིགས་༡༩་ཡི་སྲོལ་རྒྱུན་ལུས་རྩལ་བ་༡༢༩༦་མཉམ་ཞུགས་བྱས་འདུག རྩེད་འགྲན་དེའི་ཐོག་རྐང་རིང་རྒྱུགས་འགྲན་དང་། འཇུ་རེས། གླང་ཆེན་ས་གཤག མདའ་རྩལ་སོགས་གྲངས་ཉུང་མི་རིགས་ཀྱི་རྩེད་རིགས་མི་འདྲ་བ་༡༠་ཡི་ཐོག་འགྲན་བསྡུར་བྱས་པ་དང་། བྱ་དགའི་རྣམ་གྲངས་༣༨་ཀྱི་ནང་ནས་མང་ཆེ་བ་རྔ་བ་བོད་རིགས་དང་ཆང་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཉིང་ཧྲན་ཡས་རིགས་རང་སྐྱོང་ཁུལ་བཅས་ནས་ཡོང་བའི་འགྲན་བསྡུར་ནང་ཞུགས་བྱེད་མཁན་ཚོར་ཐོབ་འདུག་ལ་ད་རེས་ཀྱི་སྲོལ་རྒྱུན་རྩེད་འགྲན་དེའི་ཐོག་སྡེ་དགེ་འདན་མ་ནས་ཡིན་པའི་བོད་རིགས་ན་གཞོན་རིག་འཛིན་དབང་ཕྱུག་ལགས་ལ་གླང་ཆེན་ས་གཤག་གི་རྟིང་རྩེད་འགྲན་སྡུར་ནང་ཨང་དང་པོ་ལོན་ནས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་འདུག
རིག་འཛིན་དབང་ཕྱུག་ལགས་ནི་ཕྱི་ལོ་༡༩༩༧་ལོར་འདན་མ་ལོ་ཕྱུག་ས་ཁུལ་དབེན་མགུ་གྲོང་ཚོའི་ཕ་ཀུན་དགའ་ཚེ་བརྟན་དང་། མ་ཚེ་དབྱངས་གཉིས་ཀྱི་བུ་རུ་སྐྱེས་པ་དང་ཆུང་དུས་ནས་ཞིང་གྲོང་གི་ལས་ཀ་བྱས་ཏེ་སློབ་གྲར་འགྲོ་མྱོང་མེད་པ་དང་དེང་སང་ཚོང་ལས་གཉེར་བཞིན་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།