འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བས་རྒྱ་ནག་ལ་སྐྱོན་བརྗོད།
བོད་པའི་དགེ་འདུན་ལ་བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་པ་ཚོས་རྒྱ་ནག་ལ་སྐྱོན་བརྗོད།
-
2011-08-30 -
-
-
༄༅༎རྒྱ་ནག་གཞུང་གིས་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ ཁོང་གིས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་བྱུང་འཕྲལ་སྨན་ཁང་དུ་བསྟེན་གཏུགས་བྱེད་རྒྱུར་འགོག་རྐྱེན་བཟོས་པའི་ནག་ཉེས་བཙུགས་སྟེ་ ཁ་སང་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིང་མི་མང་ཁྲིམས་ཁང་ཞིག་ནས་ ལོ་ངོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པར་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་པ་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག།
འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་ལས་བྱེད་མི་སྣ་ནི་ཀོ་ལ་སེ་སྦེ་ཁེན་ལིན་གྱིས་ རྒྱ་ནག་གཞུང་གིས་ཁྲིམས་བཅད་དེ་ནི་དྲང་བདེན་རྩ་བ་ནས་མིན་པའི་ཁར་ དེ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་ཉེས་བཅད་འབའ་ཞིག་ཡིན་པ་གསུངས་པར་མ་ཟད་ ཁོང་གིས་ རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་འགའ་ཤས་རིང་ཀིརྟི་དགོན་པའི་དགེ་འདུན་པ་ཚོའི་ཐོག་ད་བར་བྱུང་མྱོང་མེད་པའི་རྡུང་རྡེག་དང་དྲག་གནོན་བྱས་ཤིང་ ཀིརྟི་དགོན་པའི་ཉེས་མེད་དགེ་འདུན་པ་མང་དག་ཅིག་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་གསུངས་འདུག།
ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འབྲེལ་འཐུད་པ་ཀེཏ་སོན་ཌར་སེ་གྱིས་ བློ་བཟང་ཕུན་ཚོགས་ལགས་ཀྱིས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་རང་ལུས་མེར་བསྲེགས་བཏང་རྗེས་སྐྱོབ་ཐབས་གནང་མཁན་དགེ་འདུན་པ་དེར་ཉེས་ཁྲིམས་འདི་ལྟར་བཅད་པ་དེས་ད་དུང་ཀིརྟི་དགོན་པའི་དགེ་འདུན་པ་ཚོའི་འཁོན་སེམས་ཆེ་རུ་གཏོང་རྒྱུ་ངེས་པ་རེད་ཅེས་དང་ རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ཉེས་ཁྲིམས་བཅད་པ་དེས་ བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ངོ་མ་སྟེ་ བོད་མིའི་ས་ཁུལ་ཁག་གི་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པ་དང་ ལྷག་པར་དུ་ཆོས་བྱེད་ཀྱི་རང་དབང་ཐད་བཀག་འགོག་ཤུགས་ཆེ་བྱས་པར་མི་བཟོད་པའི་ཐོག་ནས་རང་གི་སྐུ་སྲོག་བློས་གཏོང་བྱེད་པའི་གནད་དོན་དེ་ནས་རྒྱ་ནག་གཞུང་གིས་ཆེད་མངགས་གཡོལ་ཐབས་བྱེད་པ་ཞིག་རེད་ཅེས་གསུངས་འདུག།