ནང་སོག་ཏུ་མི་དགུ་བཅུ་ཙམ་འཛིན་བཟུང།
ནང་སོག་ཁུལ་སློབ་ཕྲུག་དང་འབྲོག་པ།ས་གནས་མི་མང་བཅས་ཉུང་མཐར་མི་གྲངས་༩༠ཙམ་ཞིག་རྒྱ་མིས་འཛིན་བཟུང་བྱས་ཡོད་སྐོར་གནས་ཚུལ།
-
2011-06-06 -
-
-
༄༅༎རྒྱ་ནག་གི་དབང་སྒྱུར་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་ཐོན་ནས་མང་ཚོགས་ཀྱིས་ངོ་རྒོལ་བྱེད་ས་ ནང་སོག་ཁུལ་སློབ་ཕྲུག་དང་འབྲོག་པ། ས་གནས་མི་མང་བཅས་ཉུང་མཐར་མི་གྲངས་༩༠ཙམ་ཞིག་རྒྱ་མིས་འཛིན་བཟུང་བྱས་ཡོད་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་བརྗོད་འདུག།
ཨ་རིའི་ནང་རྟེན་གཞི་བྱས་པའི་ལྷོ་སོག་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་ཡག་ལ། ནང་སོག་བྱང་ཐང་ཁུལ་གྱི་ཤི་ལིན་གོལ་(Xilingol)ས་གནས་ནས་ སོག་པོའི་སློབ་ཕྲུག་དང་འབྲོག་པ་༤༠ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། ཟླ་བ་སྔོན་མའི་ཟླ་མཇུག་རྒྱལ་ས་ཧོ་ཧོཏ་(Hohhot)ནང་མང་ཚོགས་ཀྱིས་ངོ་རྒོལ་ཐེངས་འགའ་ཤས་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པས་ སོག་པོའི་སློབ་ཕྲུག་དང་ས་གནས་མི་མང་༥༠ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་རེད།
ཕ་རེན་སི་གསར་ལས་ཁང་གིས་རྒྱལ་ས་ཧོ་ཧོཏ་དང་གྲོང་ཁྱེར་ཤི་ལིན་ཧོཏ་གཉིས་ཀའི་ཉེན་རྟོག་ལས་ཁང་ལ་ཁ་པར་བཏང་གནང་ཡོད་ཀྱང་། ཁ་པར་ལ་ལན་བྱེད་མཁན་བྱུང་མི་འདུག། ཉེ་དུས་ཕྱི་ཟླ་༥ཚེས་༡༠ཉིན་སོག་པོའི་མི་རིགས་ཤིག་གིས་ རྒྱ་ཧན་མི་རིགས་ཀྱི་ཁ་ལོ་པས་བཏང་པའི་རྡོ་སྲོལ་འོར་འདྲེན་གྱི་སྣུམ་འཁོར་ཞིག་འགོག་ཐབས་བྱེད་པའི་སྐབས་ སྣུམ་འཁོར་གྱིབ་རྫིས་ནས་སོག་པོ་དེ་རྐྱེན་ལམ་དུ་བཏང་བའི་རྗེས་ ནང་སོག་གི་ས་ཁུལ་གང་སར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། རྒྱ་གཞུང་གིས་ཕྲལ་མ་ཉིད་དུ་ངོ་རྒོལ་ཞོད་འཇགས་གཏོང་ཐབས་སུ་ ངོ་རྒོལ་བྱ་ཡུལ་གྱི་མཐོ་སློབ་ཁང་དེ་ཚོའི་ཐོག་དམ་བསྒྲཌ་དང༌། མང་ཚོགས་ཐོག་བཏང་འཛིན་དོ་དམ་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན། གནས་སྟངས་ཕྲན་བུའི་ཞི་འཇམས་སུ་གྱུར་་ཡོད་པ་རེད།
ནང་སོག་སོ་ནམ་ཞིང་ལས་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཞིག་གིས་གནས་འཕྲིན་དྲ་རྒྱ་དང་ལག་འཁྱེར་ཁ་པར་ཚང་མ་བཀག་ཡོད་པ་དང༌། སློབ་གྲྭའི་ཕྱི་ལ་འགྲོ་དགོས་ཚེ་བདེ་སྲུང་མི་སྣ་དང་སློབ་གྲྭའི་ཡིག་ཚང་ནས་དགོངས་པ་ཞུ་དགོས་པའི་སྐོར་འགྲེལ་བརྗོད་བྱས་འདུག།